དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་རྣམ་གཉིས་ཀྱིས་ལྗོངས་ཡོངས་ཀྱི་དགེ་རྒན་དང་སློབ་གསོའི་ལས་དོན་པར་འཚམས་འདྲིའི་ཡི་གེ་སྤྲིངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-12

    དགེ་རྒན་དུས་ཆེན་ཐེངས་སོ་བརྒྱད་པ་དང་ཟླ་མཆོད་དུས་ཆེན་མཚམས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་འཚམས་འདྲིའི་ཡི་གེ་སྤྲིངས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན་དང་ལས་བཟོ་བ། རྒྱ་ཆེའི་སློབ་སྐྱོར་ལས་དོན་པ་བཅས་ཡོངས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། བླ་ན་མེད་པའི་གུས་འདུད་ཞུས་པ་རེད། བོད་ཀྱི་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་སེམས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། འཚམས་འདྲིའི་ཡི་གེའི་ནང་དོན་གཤམ་གསལ།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན་དང་ལས་བཟོ་ཡོངས་ལ།

    དགེ་རྒན་དུས་ཆེན་ཐེངས་སོ་བརྒྱད་པ་དང་ཟླ་མཆོད་དུས་ཆེན་མཚམས་སུ་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན་དང་ལས་བཟོ་བ། རྒྱ་ཆེའི་སློབ་སྐྱོར་ལས་དོན་པ་བཅས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། བླ་ན་མེད་པའི་གུས་འདུད་བཅས་ཞུ་རྒྱུ་ཡིན། དེ་བཞིན་བོད་ཀྱི་སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ལ་སེམས་ཁུར་དང་། རྒྱབ་སྐྱོར། རོགས་རམ་བཅས་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    སློབ་གསོས་ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱོང་བའི་ལོ་རྒྱུས་ཀྱི་ལས་འགན་འཁུར་བཞིན་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་རྒྱུན་ཆད་མེད་པར་འགན་འཁྲི་ཆེན་པོ་འཁུར་ནུས་པའི་དུས་རབས་གསར་པའི་མི་གསར་མི་རབས་མང་པོ་གསོ་སྐྱོང་བྱེད་པའི་རེ་བ་ཡོད།

    ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་སྲོལ་ལུགས་རྒྱུན་འཛིན་གྱིས་དད་སེམས་བརྟན་པོའི་མིག་དཔེ་ཧུར་ཐག་གཏོད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ། ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་སེམས་དཀར། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་མཐའ་འཁྱོངས་ཞུ་བ། སློབ་མར་ཆུང་དུས་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་བསམ་འཛུགས་པར་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་དགོས།

    དགེ་རྒན་གྱི་ཀུན་སྤྱོད་རང་འགུལ་ངང་སྐྱེད་སྲིང་བྱས་ཏེ་ཀུན་སྤྱོད་བླ་ན་མེད་པའི་མིག་དཔེ་ཧུར་ཐག་གཏོད་དགོས། ཐོག་མཐའ་བར་གསུམ་དུ་སྙིང་སྟོབས་གོང་དུ་བཀུར་བ་དང་། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ཨང་དང་པོར་འཇོག་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་། ཀུན་སྤྱོད་ལ་བརྟེན་ནས་དགེ་རྒན་བཟང་པོ་བྱེད་པ། བྱ་སྤྱོད་ལ་བརྟེན་ནས་འཇིག་རྟེན་པར་མིག་དཔེ་འདོན་པ་བཅས་མཐའ་འཁྱོངས། སློབ་གསོར་དགའ་ཞེན་བྱེད་པའི་ངེས་ཤུགས་དང་ཁེར་གྲགས་མི་གཉེར་བ་བརྟན་འཁྱོངས། སེམས་པ་བཟང་པོ་དང་། བྱ་སྤྱོད་བཟང་པོ། བསམ་བློ་གཞུང་དྲང་བཅས་བརྟན་སྲུང། ཀུན་སྤྱོད་ལ་བརྟེན་ནས་རང་ཚུགས་ཐུབ་པ། ཀུན་སྤྱོད་ལ་བརྟེན་ནས་སློབ་སྦྱོང་། ཀུན་སྤྱོད་ལ་བརྟེན་ནས་སློབ་གསོ་རྒྱག་པ། རིན་ཐང་ལ་བརྟེན་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། རང་ཉིད་ཀྱི་ཤེས་ཡོན་དང་། མྱོང་བ། ཉམས་མྱོང་བཅས་ལ་བརྟེན་ནས་སློབ་མའི་བསམ་སྤྱོད་བཟང་པོ་འཕེལ་བ་མ་ཟད། སློབ་མར་སློབ་ལ་ཇི་ལྟར་གཞོལ་བ་དང་། བྱ་བ་ཇི་ལྟར་སྒྲུབ་པ། མི་ཇི་ལྟར་བྱེད་པ་བཅས་ཀྱི་མིག་དཔེ་འདོན་དགོས།

    དགེ་རྒན་གྱི་རྩལ་ནུས་ལ་ཟམ་མི་ཆད་པར་ཞུན་བརྡར་སྤྲས་ཏེ་རིག་གནས་སྤེལ་ཁྲིད་ཀྱི་མིག་དཔེ་ཧུར་ཐག་གཏོད་དགོས། སློབ་གསོ་རྒྱག་མཁན་གྱིས་སྔོན་ལ་སློབ་གསོ་དང་ལེན་རྒྱུན་འཁྱོངས་དང་། ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་འཛིན་པ། སྤྱོད་ཡོན་གཉིས་ལྡན་དང་། སློབ་སྦྱོང་ལ་བརྩོན་ཞིང་བསམ་བློ་གཏོང་མཁས་པ། སློབ་མ་ནན་གྱིས་གཅུན་པ་བཅས་མཐའ་འཁྱོངས་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པར་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ། དུས་རབས་གསར་པའི་སློབ་གསོ་དང་སློབ་ཁྲིད་བྱེད་སྟངས་གསར་གཏོད། གྲངས་འཛིན་ཅན་གྱི་སློབ་སྦྱོང་ལ་སྐུལ་འདེད། དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སློབ་མར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་གི་དུས་ཚོད་ལ་གཅེས་འཛིན་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཤེས་བྱར་བརྩོན་པ། མཐོང་རྒྱ་ཆེ་རུ་གཏོང་བ། ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་དགོས།

    རང་རྟོགས་ངང་དགེ་རྒན་གྱིས་བྱམས་བརྩེས་ཕྱུག་པར་བྱས་ཏེ་བརྩེ་སེམས་ཟབ་པའི་མིག་དཔེ་འདོན་དགོས། ཏང་འཛུགས་སྐྱོང་གི་སྙིང་སྟོབས་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་སྣེ་ཁྲིད་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བརྩེ་སེམས་ལ་བརྟེན་ནས་མི་སྐྱོང་བའི་སྟོན་ཕྱོགས་ཁོང་དུ་ཆུད་པ་དང་། བྱམས་བརྩེར་བརྟེན་ནས་བརྩེ་བ་སྐྱོང་བ་དང་། བརྩེ་བ་འཕེལ་བ། བརྩེ་བ་ཁྱབ་པ་བཅས་བྱས་ཏེ། དྲོ་སྐྱིད་དང་བརྩེ་སེམས་སློབ་མ་ཚང་མར་བུམ་པ་གང་བྱོའི་ཚུལ་གྱིས་སྦྱིན་དགོས། ལྷག་བསམ་ཟོལ་མེད་དང་། ཁ་ཞེ་གཉིས་མེད། བཅོས་མིན་བཅས་ཀྱི་སྒོ་ནས་སློབ་མ་དང་འབྲེལ་འདྲིས་ཟབ་ཏུ་བཏང་སྟེ། སློབ་མའི་སེམས་ཀྱི་ཞིང་ས་བརྩེ་བའི་སྦྲང་ཆར་གྱིས་རློན་པ་དང་། སློབ་མའི་འཚར་ལོངས་ལ་ལྕག་སྐུལ། སློབ་མར་ཏང་ལ་དགའ་ཞེན་དང་། མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་བཅས་བྱས་ནས། ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བློ་གཏད་བཅོལ་ས་དང་། སེམས་ཀྱི་རྟེན་ས། བསམ་པའི་ཁྱིམ་གཞིས་བཅས་སུ་འགྱུར་བར་བྱེད་དགོས།

    མིག་སྔར། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགག་རྩའི་དུས་སྐབས་སུ་སླེབས་པ་དང་། དྲ་ཐོག་སློབ་ཁྲིད་དང་སློབ་འགོ་བཙུགས་ནས་སློབ་ཁྲིད་སླར་གསོར་དམ་འཛིན་བྱེད་པ་ནི། སློབ་གསོའི་ཁོངས་གཏོགས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོས་རིམས་ནད་ལ་འགོག་རྒོལ་དང“སློབ་ཚན་འཚོག་མཚམས་བཞག་ཀྱང་། སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”འཐབ་ས་དང་པོར་མུ་མཐུད་འབད་འཐབ་བྱས་ནས་རྒྱ་ཆེའི་སློབ་མའི་ཚེ་སྲོག་གི་བདེ་འཇགས་དང་ལུས་སེམས་ཀྱི་བདེ་ཐང་མཐའ་གཅིག་ཏུ་བསྲུངས་ཏེ་རིམས་ནད་འགོག་རྒོལ་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་། སློབ་གསོའི་ལས་དོན་པ། ལས་བྲལ་དང་རྒན་ཡོལ་ཞུས་པའི་དགེ་རྒན་དང་ལས་བཟོ་བ། དེ་བཞིན་རྒྱ་ཆེའི་སློབ་སྐྱོར་ལས་དོན་པ་བཅས་ལ་དུས་ཆེན་སྤྲོ་པོ་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་འགྲོ བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། ཝང་ཅུན་ཀྲེང་།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཡན་ཅིན་ཧའེ།

    2022ལོའི་ཟླ་9ཚེས་9ཉིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།