དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-10

    111.jpg

    ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་འགོག་ལས་དོན་པར་གཟིགས་པར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་སྟོད་ལུང་བདེ་ཆེན་ཆུས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྒྲོམ་ཚང་སྨན་ཁང་དུ་ཕེབས་ནས་ནད་པའི་སྨན་བཅོས་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་བོད་སྐྱོར་སྨན་བཅོས་རུ་ཁག་དང་འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་བཞིན་པ།

    ◆ རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས། རིམས་འགོག་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།

    ཟླ་9ཚེས་6ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་འགོག་ལས་དོན་པར་གཟིགས་པར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། ཡང་འབད་བསྐྱར་འབད་དང་བབ་བསྟུན་འཕྲལ་སྒྲུབ་བཅས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་རིམས་འགོག་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་ལེན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་སྟོད་ལུང་བདེ་ཆེན་ཆུས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྒྲོམ་ཚང་སྨན་ཁང་དུ་ཕེབས་ནས་ནད་པའི་སྨན་བཅོས་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་དང་བོད་སྐྱོར་སྨན་བཅོས་རུ་ཁག་དང་འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་པ་རེད། ཝང་ཅུན་ཀྲེང་གིས་བོད་དུ་རིམས་ནད་ཐོན་རྗེས། རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་ཁག་གིས་སྨན་བཅོས་རུ་ཁག་མངགས་གཏོང་དང་རོགས་སྐྱོར་དངོས་ཟོག་མཁོ་འདོན་བྱས་ཏེ་དུས་ཐོག་ཏུ་རོགས་རམ་ནུས་ལྡན་བྱས་པ་དེ་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གང་ལེགས་མངོན་ཡོད་ལ། སྤུན་ཟླའི་ཞིང་ཆེན་ཁག་གིས་ཕན་ཚུན་ལྟ་སྐྱོང་དང་བརྩེ་སེམས་ཟབ་མོ་བཅངས་ནས་བོད་ལ་སྤྱི་ཚོགས་ཐོག་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་མཚོན་ཡོད་པས། ང་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཆེད་ཡིད་ཆེས་དང་ཆོད་སེམས་ཀྱང་བསྣན་ཡོད། རྒྱ་ཆེའི་བོད་སྐྱོར་སྨན་བཅོས་རུ་མིས་ས་མཐོའི་གསོ་རླུང་མི་འདང་བ་ཁྱད་བསད་བྱས་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་དམག་འཐབ་ལ་ཞུགས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། སྨན་པའི་བྱམས་སེམས་དང་བརྩེ་སེམས་ཟབ་མོ་བཅངས་ལུགས་གང་ལེགས་མངོན་པའི་བླ་ན་མེད་པའི་སྙིང་སྟོབས་མཚོན་པར་བྱས་ཡོད་ཅེས་གསུངས་པ་རེད།

    ལིང་ཧྥུང་ཟོག་འགྲེམས་གླིང་ལྷ་ས་ས་གཙང་ཀུང་སིའི་རྒྱལ་སྒོའི་མདུན་དུ། ཝང་ཅུན་ཀྲེང་གིས་ཀུང་སིའི་འགན་འཁུར་བ་དང་འགན་གཙང་ལེན་ལས་བྱེད་པར་བྱམས་བརྩེའི་ངང་གླེང་མོལ་གནང་ནས་དངོས་ཟོག་མཁོ་སྤྲོད་འགན་ལེན་དང་ཟོག་འགྲེམས་སྡེབ་སྐྱེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། “མང་ཚོགས་ཀྱི་འཚོ་བའི་འགན་ལེན་ཐད་དཀའ་ངལ་གང་འདུག་གམ” “ལྷ་སའི་ཉེ་འཁོར་གྱི་ཚལ་འདེབས་ཞིང་པའི་སྔོ་ཚལ་ཉོ་སྒྲུབ་གང་འདྲ་བྱུང་སོང་ངམ”ཞེས་བཀའ་འདྲི་གནང་བ་རེད། རིམས་ནད་ཐོན་རིང་། ཝང་ཅུན་ཀྲེང་གིས་ཚལ་འདེབས་ཞིང་པ་རེ་ཟུང་གི་སྔོ་ཚལ་བྲིན་ཁ་མི་རྒྱུག་པའི་གནད་དོན་ཐད་མཆན་འགོད་མཛུབ་སྟོན་གནང་བ་དང་སྦྲགས། ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱེད་རིང་སླར་ཡང་དོ་ཁུར་ཆེན་པོའི་སྒོ་ནས་བཀའ་འདྲི་གནང་བ་རེད། གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་གང་ལེགས་མངོན་པར་བྱས་ཏེ། དངོས་ཟོག་མཁོ་སྤྲོད་འགན་ལེན་དང་ཚལ་འདེབས་ཞིང་པའི་ཁེ་ཕན་འགན་ལེན་བྱ་རྒྱུ་སྤྱི་འདོམས་ཡག་པོ་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་དགོས། རྩམ་པ་དང་། ནོར་ལུག་གི་ཤ། མར། ཇ་སོགས་འཚོ་བའི་མཁོ་ཆས་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་བློ་བདེའི་ངང་ཁྱིམ་དུ་སྡོད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད། གདོང་དཀར་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་ཕེབས་སྐབས། ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ནས། གཞི་རིམ་གྱི་རིམས་འགོག་མི་སྣར་བྱམས་བརྩེའི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། ཁོང་གིས་རིམས་འགོག་གི་འཐབ་ས་དང་པོའི་ལས་འགན་ལྕི་བ་དང་། ཤུགས་ཚད་ཆེ་བ། ལས་དོན་དཀའ་ཚེགས་ཆེ་ཤོས་བཅས་ཡིན་པས་ཚང་མས་དཀའ་ངལ་ལ་མི་འཛེམ་པ་དང་དཀའ་ངལ་ལ་མི་སྐྲག་པར་ཉིན་མཚན་མེད་པར་རིམས་འགོག་ལས་དོན་ཡག་པོ་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་འགོག་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་གཞི་རིམ་གྱི་འཐབ་ས་དང་པོའི་རིམས་ནད་འགོག་བཅོས་མི་སྣས་དཀའ་ངལ་ཁྱད་བསད་དང་། ངར་ཤུགས་འཕེལ་བ། རང་འགན་གཙང་སྒྲུབ་བཅས་བྱ་རྒྱུར་སྐུལ་ལྕག་བྱས་ཏེ་ངར་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམངས་སེམས་གཅིག་མཐུན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོང་དང་དཔའ་ངར་ཆེན་པོས་འབད་འཐབ་བྱེད་པ་དང་། སྨན་དོན་ལས་དོན་པས་ལྡོག་སྐྱོད་བྱེད་པ། སྤྱི་བདེ་ཉེན་རྟོག་པ་དང་། གཞི་རིམ་ལས་བྱེད་པ། གཤམ་སྐྱོད་ལས་བྱེད་པ། དང་བླངས་པ་བཅས་ཀྱིས་བསྟུད་མར་འབད་འཐབ་དང་འཐབ་ས་དང་པོར་བརྟན་སྲུང་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་སྤྱི་ཡོངས་ལ་ལྟ་རྟོག་དང་རང་རྟོགས་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་དང་ལེན་བཅས་བྱས་ནས་རིམས་འགོག་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་པའི་ནུས་པ་གང་ལེགས་བཏོན་ཏེ། ལེབ་སྙོམས་ཅན་གྱི་དོ་དམ་ལག་བསྟར་བྱེད་པ་དང་ཕན་འབྲས་ཆེ་ཞིང་མཐུན་སྦྱོར་ངང་འཁོར་སྐྱོད་བྱས་ནས་བཀོད་འདོམས་སྲ་ཞིང་བརྟན་ལ་ནུས་ལྡན་ཡོང་བའི་འགན་ལེན་བྱེད་དགོས། “ཕྱོགས་བཞིའི་འགན་འཁྲི”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྔོན་འགོག་ཚོད་འཛིན་ལས་དོན་ཐད་སྟོང་ཆ་མི་ལུས་པའི་འགན་ལེན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དམག་འཐབ་བཙན་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་བཏོན་ཏེ། སྡེ་ཁུལ་དང་དམག་འཐབ་ཀྱི་འཐབ་ས་དང་པོར་བསྐྱོད་ནས“སྔོན་འགོག”གི་ལས་དོན་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྤེལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་བརྟན་པོ་བཟོ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དང་འགན་འཁྲི་མཚོན་པར་བྱེད་པའི་ཞིབ་བཤེར་བྱ་ཐབས་ལ་བརྩིས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དོན་ཆེན་ཨང་དང་པོ་འདིར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས་ལ། མང་ཚོགས་ཉེ་འགྲམ་གྱི་གནས་ཚུལ་ཆུང་ཙག་ལའང་དེ་བས་སེམས་ཁུར་དང་དོ་ཁུར་བྱས་ཏེ། མང་ཚོགས་ཀྱི་ལྟ་བ་ཤུགས་ཆེར་གཏོང་བ་དང་གནས་བརྗེས་བསམ་གཞིགས་བྱེད་མཁས་པོ་བྱེད་པ་དང་། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་ཧུར་ཐག་བྱེད་པ། འཚོ་བའི་ཞབས་ཞུ་དང་། དངོས་ཟོག་སྡེབ་སྐྱེལ། སེམས་ཁམས་ཁྲིད་སྟོན། སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཏན་ཏིག་དང་ནུས་ལྡན་བསྒྲུབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས། མི་དམངས་ཀྱི་རེ་སྒུག་ལ་ལན་འདེབས་པ་དང་རང་དོན་རྒྱབ་སྐྱུར་གྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ས་མཐོའི་ས་གཞི་ཆེ་མོའི་བདེ་ཐང་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།