ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་། རྒྱལ་ཁབ་ནད་ཡམས་སྔོན་འགོག་ཚོད་འཛིན་ཅུས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ཚེས་5ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་དང་པ་སྣམ་རྫོང་དུ་ཕེབས་ནས་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།
“གཏན་འཁེལ་ནད་དཔེ་ད་དུང་ག་ཚོད་ཡོད་དམ། རྟགས་མེད་ནད་དུག་འགོས་མཁན་ད་དུང་ག་ཚོད་ཡོད་དམ” “སྐྱོབ་བཅོས་ལས་དོན་ཇི་ལྟར་སྤེལ་གྱི་ཡོད་དམ” “མང་ཚོགས་ཀྱིས་བཏབ་པའི་སྔོ་ཚལ་དུས་ཐོག་ཏུ་འཚོང་ཐུབ་བམ”ཅེས་བསམ་གྲུབ་རྩེ་ཆུས་པད་གཞུང་ཤང་དུ་འབྱོར་མ་ཐག་ཡན་ཅིན་ཧའེ་ཡིས་ས་གནས་དངོས་ཀྱི་ལས་དོན་མི་སྣར་བཀའ་འདྲི་གནང་། ཁོང་གིས་དོ་དམ་བྱེད་ཐུབ་པ་དང་བཀག་སྡོམ་ཡག་པོ་བྱས་ཚེ། “རིམས་ནད”ལས་སྔ་ཙམ་དང་མགྱོགས་ཙམ་རྒྱལ་ཐུབ་ངེས་རེད་ཅེས་གསུངས་ཤིང་། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་བྱེད་དགོས། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་འགན་ཞིབ་ཕྲ་འཁུར་མཁན་དང་ལས་དོན་མི་སྣ་ཚང་མས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འབྲེལ་ཡོད་ཤེས་བྱ་དང་ལས་ཀའི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་ཟོན་འགོག་བྱེད་པ་དང་། ཉེན་ཁ་ཆེ་ཁུལ་དུ“ཁྱིམ་ནས་དོན་མི་དགོས་པར་སྒོ་རྩར་ཞབས་ཞུ་ཐོབ་པ”དང་། ཉེན་ཁ་འབྲིང་ཁུལ་དུ་ཁུལ་ཆུང་ནས་མི་དོན་པ་དང་། འདུ་འཛོམས་མི་བྱེད་པ། ཁྱིམ་སྐོར་དུ་མི་འགྲོ་བ། ཕྱིར་མི་སྐྱོད་པ་སོགས་ཀྱི་དོ་དམ་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་ཚན་རིག་དང་མཐུན་ལ་མགྱོགས་ནས་མྱུར་དུ“འགོས་ལམ”བཀག་དགོས། ཐོབ་ཐང་གསལ་སྟོན་དང་། གདོང་མཆོང་བརྩོན་ལེན། མིག་དཔེ་འདོན་པ་བཅས་བྱེད་དགོས། “ཏང་ཡོན་གྱིས་འབྱོར་ཐོ་འགོད་པའི”ལས་དོན་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་ཧུར་ཐག་ཞུགས་རྒྱུར་སྒྲིག་འཛུགས་དང་སྐུལ་སློང་བྱེད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པའི་ས་ཆར་སྐྱོད་པ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དོན་གཉེར་བྱེད་པ་དང་། ལས་འགན་དང་འགན་སེམས་མངོན་པ་བཅས་བྱེད་དགོས། ལག་གཉིས་ཀས་དམ་འཛིན་དང་ལག་གཉིས་ཀས་དམ་འཛིན་ནན་པོ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱེད་པའི་གནས་ཚུལ་འོག “སྟོན་གསུམ”ལས་དོན་ཧུར་ཐག་སྤེལ་བ་དང་ལྷག་པར་དུ་ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་སོང་ནས་ཕ་ཡུལ་དུ་ལོག་ཐུབ་མེད་པའི་མང་ཚོགས་སོགས་ཀྱི་ཚོགས་སྤྱིར་ཞབས་འདེགས་ཧུར་ཐག་ཞུས་ནས་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མུའུ་གཅིག་ཀྱང་མི་ལུས་པ་མཐའ་གཅིག་ཏུ་བྱེད་དགོས།
པ་སྣམ་རྫོང་པད་ཚལ་ཤང་སྐྱིད་གཤོང་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁའི་ཐོག་བརྔ་བསྡུ་འཕྲུལ་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། ཡན་ཅིན་ཧའེ་ཡིས“སྟོན་གསུམ”ལས་དོན་སྤེལ་ཚུལ་བཀའ་འདྲི་གནང་ཞོར་དུ་ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་འགོག་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་ཞེས་བཀའ་མངགས་ཡང་ཡང་གནང་བ་རེད། སྐྱིད་གཤོང་གྲོང་ཚོས་ཉིན་ལྟར་དུས་ཐོག་ཏུ་རྒྱང་བསྒྲགས་བཏང་ནས་རིམས་འགོག་སྲིད་ཇུས་གྲོང་མིར་བརྒྱུད་བསྒྲགས་ཐེངས་མང་བྱས་པ་མཁྱེན་རྗེས། ཡན་ཅིན་ཧའེ་ཡིས་སྙིང་ཉེ་ལ་ཞིབ་ཚགས་པའི་ཞབས་ཞུ་མུ་མཐུད་ཡག་པོ་བསྒྲུབས་ནས་བོད་རྒྱ་སྐད་ཡིག་གཉིས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། “དྲན་སྐུལ་བྱང་བུ”སོགས་ཀྱི་ཐབས་ལ་བརྟེན་ནས་བཀག་སྡོམ་ལས་གྲོལ་རྗེས། བྱ་བ་གང་དག་སྒྲུབ་ཆོག་པ་དང་གང་དག་སྒྲུབ་མི་ཆོག་པ་གསལ་པོ་བརྗོད་པ་དང་། ཁྱིམ་སྒོ་དང་། གྲོང་ཚོ། ཤང་། རྫོང་བཅས་ནས་དོན་རྗེས། གཏན་འབེབས་གང་དག་དང་བླང་བྱ་གང་དག་ངེས་པར་དུ་བརྩི་སྲུང་ཞུ་དགོས་པ་དང་སྒྲུབ་དགོས་པ་གསལ་པོ་བརྗོད་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ནང་གདེང་ཚོད་ཡོད་པ་དང་། དོན་འཁྱོལ་བྱེད་ཐབས་ཡོད་པ། སྔོན་འགོག་ཚོད་འཛིན་ནུས་ལྡན་ཐུབ་པ་བཅས་བྱས་ཏེ་བཀག་སྡོམ་གྲོལ་ཡང་འགོག་ཟོན་མུ་མཐུད་བྱེད་ཐུབ་པ་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚོད་བགམ་ཐེག་པ། མི་འདང་བའི་ཆར་བསམ་གཞིག་གཏིང་ཟབ་བྱེད་པ། དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་བྱེད་པ། ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་བཅས་བྱས་ནས་ཕྱོགས་ཡོངས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།