དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བཀོད་གཏོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-02

    ◆ སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་དགོས།

    རིམས་ནད་ཐོན་ཚུན། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་བརྩོན་དང་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད། ས་ཁུལ་དང་གྲོང་ཁྱེར་མང་ཆེ་བར་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་མངོན་འགྱུར་བྱུང་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

    ཚེས་30ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་བྱས་རྗེས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཛ་དྲག་དང་རྙོག་འཛིང་ཆེ་བའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ལྷོད་གཡེང་གི་བསམ་བློ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཞན་ཆ་སེལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་བྱེད་པ་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་ཐུབ་པ་བྱེད་དགོས།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝེ་ཏུང་། དབང་ཧའེ་ཀྲོའུ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔའི་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། རིག་པ་དྭངས་གསལ་གྱིས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་ལྗོངས་ཀྱི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་རྨང་གཞི་ད་དུང་བརྟན་པོ་མེད་པ་དང་མི་འདང་ས་དང་ཞན་ཆ་མི་ཉུང་བ་ཞིག་ཡོད་པས། འཕྲད་པའི་དུས་བབ་ནི་སྟབས་བདེ་རུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་རྙོག་འཛིང་ཆེ་རུ་ཕྱིན་པ་དང་། ལས་འགན་ཡང་དུ་ཕྱིན་མེད་པར་དེ་ལས་ལྡོག་སྟེ་ལྕི་རུ་ཕྱིན་ཡོད་པ་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་པར་བྱེད་དགོས། སྐབས་བསྟུན་གཙང་བཟོ་ཕྱོགས་ཡོངས་ནས་མངོན་འགྱུར་དང་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱེད་པར་ད་དུང་དཀའ་ཚེགས་ཆེ་ཞིང་ཞིབ་ཚགས་པའི་ལས་ཀ་འབོར་ཆེན་བྱེད་དགོས་པས། གནས་ཚུལ་ཞིབ་ཆ་གང་རུང་ཞིག་ལ་སྣང་མེད་ཆད་ལུས་ཐེབས་པ་དང་ལྷུ་ཚིགས་གང་རུང་ཞིག་ལ་ལྷོད་གཡེང་ཤོར་ཚེ་རིམས་ནད་བསྐྱར་ལོག་ཐེབས་སྲིད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་ཆུ་བོའི་གྱེན་དུ་གྲུ་གཏོང་བ་བཞིན། རིམས་ནད་ཀྱི་གནས་ཚུལ་ཇི་ཙམ་བཟང་ན་དེ་ཙམ་གྱིས་རིག་པ་དྭངས་གསལ་དང་གཟབ་ནན་ཆེན་པོ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ལས་ཀའི་ཐད་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ཐད་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ། བྱ་སྤྱོད་ཐད་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ། རིམས་ནད་གཞི་ཁྱོན་རང་བཞིན་གྱི་བསྐྱར་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ། ད་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་མཐུན་སྦྱོར་དམག་འཐབ་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་གཞི་དེ་བས་མཐོ་བའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་གསར་པ་དང་བླང་བྱ་གསར་པར་ཁ་གཏད་གཅོག་དགོས། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོ་འཛུགས་པ་དང་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རིམས་ནད་ཕྱི་ལ་མི་འགོ་བའི་ལས་ཀའི་འགན་འཁྲི་མཐའ་གཅིག་ཏུ་ཏན་ཏིག་སྒྲུབ་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་པར་གཞི་དགུ་པའི་བླང་བྱར་ནན་པོ་གཞིར་བཟུང་། བོད་ནས་ཐོན་པའི་འགག་སྒོ་ནན་པོ་སྲུང་བ་དང་། བོད་ནས་ཕྱིར་ཐོན་པའི་མི་སྣ་ཡིན་ཕྱིན“ཉིན་གསུམ་ནང་བརྟག་དཔྱད་ཐེངས་གཉིས”ཀྱི་སྲིབས་གཤིས་དཔང་ཡིག་དགོས་པའི་རྨང་གཞིའི་ཐོག་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར་གཞན་དུ་རིམས་ནད་མཆེད་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ས་ཁུལ་ཁག་དང་གྲོང་ཁྱེར་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་པ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུར་སྣང་ཆེན་བྱེད་པ། ལས་བགོས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། རང་ཐག་རང་གཅོད་མཐའ་གཅིག་ཏུ་མི་ཐོན་པ་བྱེད་པ། ཆ་ཤས་ཀྱི་ཁེ་ཕན་གྱིས་སྤྱི་ཡོངས་ཀྱི་ཁེ་ཕན་བློས་གཏོང་མི་བྱེད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི“སྐབས་བསྟུན་གཙང་བཟོའི”དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་དང་ཞིབ་ཚགས་བྱས་ཏེ་མགྱོགས་མྱུར་རིམས་ནད་གཙང་བཟོ་ཐུབ་པར་བྱེད་དགོས། ཚན་རིག་དང་མཐུན་པའི་རིགས་དབྱེ་དང་རིམ་དབྱེའི་དོ་དམ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གཞིགས་ནས་ཉེན་ཁའི་རིམ་པ་དང་དོ་དམ་ཚོད་འཛིན་བྱེད་ཐབས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ་དང་། “ཡུལ་བབ་ལ་བསྟུན་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་པ། གཙོ་གནད་འབུར་དུ་ཐོན་པ། ཁུལ་རེ་རེ་བཞིན་ཚར་གཅོད”བཅས་ཀྱི་ཐབས་ཇུས་ལྟར་བཀོད་འདོམས་མ་ལག་འཁོར་སྐྱོད་ནུས་ལྡན་རྒྱུན་འཁྱོངས་དང་། ཚན་རིག་དང་མཐུན་པའི་ངང་ཉེན་ཁའི་ཁུལ་དབྱེ་བ་དང་དོ་དམ་ཚོད་འཛིན་བྱེད་པ། ཉིང་སྐྱུར་བརྟག་དཔྱད་ཇུས་གཞི་ལེགས་སུ་གཏོང་བ། ཁུལ་དབྱེ་བ་དང་རིགས་དབྱེ་ནས་རིམས་ནད་རིག་པའི་བརྟག་དཔྱད་དང་ཁུངས་འདེད་བྱེད་པ། ཐབས་ལམ་མང་པོར་བརྟེན་ནས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ། སྟོབས་ཤུགས་གཅིག་བསྡུས་ཀྱིས་གཙོ་གནད་ས་ཁོངས་གཙང་བཟོ་བཅས་བྱས་ཏེ། སྤྱི་ཚོགས་ཐོག་གི་གཙང་བཟོ་དང་སྐབས་བསྟུན་གཙང་བཟོ“གཙང་བཟོ་གཉིས”ཀྱི་དམིགས་ཚད་མངོན་འགྱུར་གང་མགྱོགས་ཡོང་བ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྔ་ཙམ་སླར་གསོ་ཐུབ་པར་བྱེད་དགོས། ས་ཁུལ་དང་གྲོང་ཁྱེར་ཁག་གིས་རིམས་ནད་གཙང་བཟོ་ཐུབ་མེད་པའི་ས་ཆ་དེ་དག་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་དེ་བས་མགྱོགས་པ་དང་དེ་བས་བློ་ཐག་ཆོད་ཅིང་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་འགག་སྒྲོལ་བྱེད་དགོས་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་དུ“རིམས་ནད་སྔོན་འགོག་ཐུབ་པར་བྱེད་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པ། འཕེལ་རྒྱས་བདེ་འཇགས་ཡོང་བར་བྱེད་པ”བཅས་ཀྱི་བླང་བྱ་ལྟར། “ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ་སྐབས་བསྟུན་གཙང་བཟོ་གང་མགྱོགས་ཐུབ་པར་བྱེད་དགོས། གཙོ་གནད་ཁུལ་གྱི་དོ་དམ་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། རིམས་ནད་ཚབས་ཆེ་བའི་གཙོ་གནད་ཁྲོམ་གཞུང་དང་། སྡེ་ཁུལ། གཙོ་གནད་ཁུལ་དུ་འཇགས་རྣམ་གྱི་དོ་དམ་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཉམ་འགོག་མཉམ་སྡོམ་དང་དམངས་འགོག་དམངས་སྡོམ་གྱི་ནུས་པ་འདོན་པ། “ཏང་འཛུགས་སྐྱོང་དང་དྲ་མིག་ཅན་ཟུང་དུ་འབྲེལ་བའི”དོ་དམ་བྱེད་སྟངས་ལ་སྐུལ་འདེད་གཏོང་བ། དྲ་མིག་ཅན་དབྱེ་བའི་ལས་དོན་ཚན་པ་དང་བར་ཁྱམས་སུ་སྤེལ་བ། དྲ་མིག་ཅན་གྱི་དོ་དམ་ལས་དོན་ཏན་ཏིག་དང་། ཞིབ་ཚགས། གནད་སྨིན་བཅས་སྒྲུབ་པ། “ཧ་རེ་ཧུ་རེའི”སྣང་ཚུལ་མི་ཐོན་པ་བཅས་བྱས་ནས་ཁུག་ཆ་དང་སྟོང་ཆ་མི་ལུས་པར་བྱེད་དགོས་པ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་བཏོན་ནས། “འཕྲེད་གཞུང་ཟུང་འབྲེལ་དང་། ཁུལ་དབྱེ་འགན་གཙང་ལེན་པ། ཕྱོགས་ཡོངས་ལ་ཁྱབ་པ། རིམ་དབྱེ་དོ་དམ། དྲ་མིག་མཐའ་འཁྱོངས”བཅས་ཀྱི་དྲ་མིག་ཅན་གྱི་དོ་དམ་མ་ལག་བཙུགས་ཏེ། ཏང་ཡོན་དྲ་མིག་ཏུ་ཁྱབ་པ་དང་། ཞབས་ཞུ་དྲ་མིག་ཏུ་སྤེལ་བ། གནད་དོན་དྲ་མིག་ནས་ཐག་གཅོད་བཅས་བྱས་ནས། མང་ཚོགས་ཀྱི་བསམ་འདུན་དུས་ཐོག་ཏུ་མཚོན་པ་དང་མང་ཚོགས་ཀྱི་དཀའ་ངལ་ནུས་ལྡན་སེལ་ཐུབ་པར་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྨན་བཅོས་སྐྱོབ་བཅོས་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྟགས་མེད་ནད་དུག་ཕོག་པར་ཐོག་མའི་ཐེ་ཇུས་དང་སྨན་བཅོས་ཧུར་ཐག་བྱེད་པ་དང་། ནད་གཞི་ལྕི་བ་དང་ཉེན་ཁ་ཆེ་བའི་ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་པ། རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་སྲུང་སྐྱོང་བྱེད་པ། སྨན་པ་བསྟེན་མཁན་མང་ཚོགས་ཁུལ་ཆུང་ནས་དོན་ཐུབ་པ་དང་སྨན་ཁང་ནང་འཛུལ་ཐུབ་པར་བྱས་ནས། མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་སྨན་བཅོས་དགོས་མཁོ་ཐག་གཅོད་ཡག་པོ་བྱེད་དགོས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་འགན་ལེན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་བསམ་འདུན་ལ་བསྟུན་པ། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་སྟངས་ལེགས་སྒྲིག་བྱེད་པ། སྐབས་བསྟུན་གཙང་བཟོའི་དུས་ཚོད་རེའུ་མིག་དང་ལམ་ཐིག་ས་ཁྲ་བཟོས་ནས་གོ་རིམ་ལྡན་པའི་ངང་བཀག་སྡོམ་དོ་དམ་བྱེད་མཚམས་འཇོག་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་པ་དང་ལྟ་སྟངས་འཛིན་པ་དང་། མང་ཚོགས་ཀྱི་དགོས་གཏུག་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཤེས་རྟོགས་གཏིང་ཟབ་བྱེད་པ། བརྩེ་སེམས་བཅངས་ནས་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་ཏེ་བཀག་སྡོམ་ཁུལ་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ནན་ཏན་དང་ཞིབ་ཚགས་ཡོང་བར་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་ལས་དོན་ཁག་ལ་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྤེལ་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ལས་འགོ་བསྐྱར་ཚུགས་དང་། ཐོན་སྐྱེད་སླར་གསོ། ཁྲོམ་ར་སླར་གསོ་བཅས་ལ་དམ་འཛིན་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་དམངས་འཚོ་འགན་ལེན་སོགས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“རྒྱལ་ཁ་གཉིས”ཐོབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་དྲང་ཕྱོགས་དྲིལ་བསྒྲགས་མུ་མཐུད་ཡག་པོ་བྱེད་པ་དང་། ཚན་རིག་དང་མཐུན་པའི་རིམས་འགོག་གི་ཤེས་བྱ་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། མང་ཚོགས་ལ་རང་རྟོགས་ངང་རིམས་འགོག་གི་གཏན་འབེབས་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བཅས་བྱས་ནས་རིམས་འགོག་གི་དྲང་ནུས་གཅིག་ཏུ་བསྒྲིལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱས་ཏེ། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་རིམས་འགོག་ལས་དོན་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་འཇོན་ཐང་དང་སྤྱོད་ཚུལ་གྱི་ཚོད་བགམ་གལ་ཆེན་ཞིག་ལ་བརྩིས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་ནས་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཤེས་རྟོགས་ཡོང་བར་སྣང་ཆེན་གྱིས་དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། རིམས་འགོག་གི་འཐབ་ས་དང་པོའི་ལས་དོན་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་དང་མི་ཆོས་སེམས་ཁུར་ལ་ཤུགས་སྣོན་རྒྱག་པ། བརྩེ་སེམས་ཟབ་མོས་རྒྱབ་ཕྱོགས་ཀྱི་སེམས་ཁྲལ་སེལ་རོགས་བཅས་བྱས་ཏེ། ཁོང་ཚོས་བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་སེམས་ནུས་ཡོད་རྒུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནང་འདོན་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།