དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-08-31

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྒྱལ་ཁབ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ཅུས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག་ཚེས་28ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བསམ་གྲུབ་རྩེ་ཆུས་སུ་ཞིབ་བཤེར་མཛུབ་ཁྲིད་དང་འབྲེལ་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་ཡང་གནང་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། མིག་སྔར་གཞིས་རྩེའི་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་ལས་དོན་རྦབ་རྡོ་གྱེན་འདྲིལ་དང་ལ་བརྒལ་ཉག་སྒྲོལ་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་མཚམས་སུ་སླེབས་ཡོད། “སྐབས་བསྟུན་གཙང་བཟོའི”སྤྱིའི་མཛད་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཐ་སྐྱོང་མེད་པའི་ས་ཁོངས་དང་། མི་ཚོགས། ལྷུ་ཚིགས་བཅས་ལ་དམིགས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་རྡོག་རྩ་གཅིག་སྒྲིལ་གྱིས་སྔོན་གཏན་འཁེལ་བའི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ནས་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་པ་བྱེད་དགོས། སྲུང་སྐྱོང་བྱ་རྒྱུ་སྔོན་འགྲོ་ཡིན་ཞིང་། རྫོང་དང་ཆུས་ཁག་གིས་ནན་འགོག་བྱེད་པ་དང་། ཉེན་ཁ་ཆེ་འབྲིང་ཁུལ་གྱིས་བཀག་སྡོམ་དང་དོ་དམ་ནན་པོ་བྱེད་པ། ཉེན་ཁ་ཆུང་བའི་ཁུལ་གྱིས་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་སྔར་བས་ཤུགས་སྣོན་དང་དུས་བཀག་ལྟར་དམངས་ཡོངས་ཉིང་སྐྱུར་དབྱེ་བཤེར་བྱེད་པ།

    སྨན་ཁང་ནས་དོན་མཁན་དང་ལོགས་བཀར་མཚམས་འཇོག་བྱེད་མཁན་ཚོར་རྗེས་མཐུད་ཀྱི་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཐོག་རིམས་ནད་བསྐྱར་ལོག་གཏན་ནས་མི་ཡོང་བ་བྱེད་དགོས། རིམ་པ་བཞིན་ལས་དོན་སྤེལ་རྒྱུ་འགག་རྩ་ཡིན་ཞིང་། སྔོན་ལ་ཉེན་ཁ་ཆུང་བའི་ཁུལ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། དེ་ནས་ཉེན་ཁ་ཆེ་འབྲིང་ཁུལ་རེ་རེ་བཞིན་འགག་སྒྲོལ་བྱས་ནས་ནད་དཔེ་འཕར་ཆག་ཡོད་པ་དང་ས་ཁོངས་བཀག་གློད་ཁུལ་ཡོད་པ་བྱས་ཏེ་བཀག་སྡོམ་ཁུལ་རིམ་བཞིན་ཉུང་དུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་ཚགས་དམ་དུ་གཏོང་དགོས། འགན་ལེན་ནི་རྨང་གཞི་ཡིན་ཞིང་། དངོས་ཟོག་འགན་ལེན་གྱི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་སྤུས་ལེགས་ལ་སྟབས་བདེ་བའི“སྔོ་ཚལ་ཐུམ་སྒྲིལ”དང“སྨན་བཅོས་ཐུམ་སྒྲིལ”“འཚོ་བའི་མཁོ་ཆས་ཐུམ་སྒྲིལ”སོགས་མཁོ་འདོན་བྱེད་དགོས། དྲིལ་བསྒྲགས་གཙོ་གནད་ཡིན་ཞིང་། སྨྱན་སྦྱོར་ཁག་གི་ལས་སྟེགས་གང་ལེགས་སྤྱད་དེ་མང་ཚོགས་ཚོར“སྤྱི་ཚོགས་ཐོག་གཙང་བཟོ་བྱུང་བ་ནི་ནད་དཔེ་གསར་པ་གཅིག་ཀྱང་ཐོན་མེད་པ་མ་ཡིན་ལ། ཉེན་ཁ་ཆུང་བ་ཡང་ཉེན་ཁ་མེད་པ་མ་ཡིན་པ”གསལ་འགྲེལ་དང “སྐབས་བསྟུན་གཙང་བཟོ”དང“སྤྱི་ཚོགས་ཐོག་གཙང་བཟོ”“ཉེན་ཁ་ཆེ་འབྲིང་ཁུལ”སོགས་ཀྱི་གོ་དོན་གསལ་འགྲེལ་བྱེད་པ་དང་། མང་ཚོགས་ཚོར“བཀག་རྒྱ་གློད་ཀྱང་འགོག་ཟོན་མཚམས་མི་འཇོག་པའི”འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ་གོམས་སྲོལ་བཟང་པོ་རྒྱུན་འཁྱོངས་དང་། སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན། སྤྱི་པའི་གཙང་སྦྲ་འཕྲོད་བསྟེན་ཡག་པོ་བཅས་བྱས་ནས། རིམས་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་ཆབས་ཅིག གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་བྱས་ཏེ་མང་ཚོགས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱེད་པ་དང་། ཡོངས་བསྒྲགས་དང་ཁ་གསལ་གྱི་གླེང་ཕྱོགས་དྲིལ་བསྒྲགས་ལ་བརྟེན་ནས“ཆ་འཕྲིན་གྱི་ཧེ་བག”དང་དགོས་མེད་ཀྱི་གོ་བ་ལོག་སྒྲུབ་མི་ཡོང་བ་བྱས་ཏེ་རིམས་ནད་འགོག་པའི“དྲང་ནུས”སྔར་བས་ཆེ་བ་གཅིག་ཏུ་སྒྲིལ་དགོས། སླར་གསོ་ནི་དམིགས་ཚད་ཡིན་ཞིང་། དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀ་དང་། སློབ་གྲྭ ཁྲོམ་ར། ཐོན་སྐྱེད་བཅས་སླར་གསོ་ཐུབ་རྒྱུ་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ནས་འཕྲོ་བརླག་ཤོར་བའི་དུས་ཚོད་གསབ་གང་ཐུབ་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།