དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་ལྷུན་གྲུབ་རྫོང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-30

    ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷུན་གྲུབ་རྫོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཞིབ་བཤེར་ས་ཚིགས་དང་། གཙོ་གནད་ཁུལ། ཤང་གྲོང་དང་གཞི་རིམ། ཞིང་ནང་དང་མུ་ཁ་བཅས་སུ་ཕེབས་ཏེ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་འཐབ་ས་དང་པོའི་རིམས་འགོག་ལས་དོན་མི་སྣར་འཚམས་འདྲི་གནང་བ་དང་འབྲེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་སྤྱི་འདོམས་གནང་བ་རེད།

    1.jpg

    ཝང་ཅུན་ཀྲེང་གིས་ལྷུན་གྲུབ་རྫོང་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་ལས་རེས་ལས་སྒྲུབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་གྱི་གནས་ཚུལ་ནན་ཏན་ངང་མཁྱེན་རྟོགས་གནང་བཞིན་པ།

    ལྷུན་གྲུབ་རྫོང་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་ཀྱི་ཡོད། ཝང་ཅུན་ཀྲེང་གིས་ལས་རེས་ལས་སྒྲུབ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་གྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་མ་ཟད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པར་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ལྷུན་གྲུབ་རྫོང་གི་ལས་ཤག་ལོགས་འཇོག་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་བདེ་ཐང་བརྟག་དཔྱད་དང་། མི་སྣ་བཀོད་སྒྲིག འཚོ་བའི་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོང་དང་། ལས་གནས་བརྟན་སྲུང་། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་དང་དམངས་འཚོའི་དགོས་མཁོ་འགན་ལེན་ཤུགས་ཆེན་བྱས་ཡོད། ཚང་མས་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་ལེགས་སྐྱེས་གསར་པ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

    2.jpg

    ལྷུན་གྲུབ་རྫོང་གི་ལས་ཤག་ལོགས་འཇོག་ས་ཚིགས་སུ་ལས་རེས་མི་སྣས་ལས་གནས་བརྟན་སྲུང་བྱེད་བཞིན་པ།

    ལྟ་སྐུལ་མཛུབ་ཁྲིད་གནང་རིང་། ཝང་ཅུན་ཀྲེང་གིས་གསུངས་དོན། རང་ལྗོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་ཁག་གཅིག་ཏུ་སྤྱི་ཚོགས་ཐོག་གི་རིམས་ནད་གཙང་བཟོ་ཐུབ་ཡོད་མོད། འོན་ཀྱང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནི་སྔར་བཞིན་དོན་ཆེན་ཨང་དང་པོ་ཡིན་པས་ལྷོད་གཡེང་གཏན་ནས་བྱེད་མི་རུང་། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་ཀའི་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སླ་པོར་བྱུང་བ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་མཐའ་འཁྱོངས་བྱེད་པ། ལྷོད་གཡེང་དང་ལས་མཚམས་འཇོག་པའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་འདི་དམ་པོར་འཛིན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ལས་ཀའི་ཞན་ཆ་གསབ་པ། རིམ་དབྱེ་དང་རིགས་དབྱེ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་གནད་འཁེལ་བཅས་བྱས་ཏེ། མ་མཆེད་སྔོན་འགོག་དང་། ཕྱི་ནས་མི་འགོ་བ། ནང་དུ་བསྐྱར་ལོག་མི་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་གཞི་རིམ་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

    3.jpg

    ཝང་ཅུན་ཀྲེང་གིས་གྲོང་མི་ཚེ་རིང་ཉི་མ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་ཡུལ་མི་ཚོར་ཐོན་འབབ་ལོ་རེ་བཞིན་མང་དུ་འགྲོ་བ་དང་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བའི་སྨོན་འདུན་ཞུ་བཞིན་པ།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མིག་སྔ་ནི་རིམས་ནད་འགོག་རྒོལ་གྱི་འགག་རྩའི་དུས་སྐབས་ཡིན་པ་དང་ཞིང་འབྲོག་ཁུལ་དུ་སྟོན་ལས་ལངས་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས། རིམས་འགོག་ཐད་ལྷོད་གཡེང་མི་གཏོང་བ་དང་ཐོན་སྐྱེད་ཐད་ལྷོད་གཡེང་མི་གཏོང་བ། ཉེན་ཁ་ཆེ་འབྲིང་ཆུང་གསུམ་གྱི་ས་ཁོངས་ཚན་རིག་དང་མཐུན་པའི་ངང་དབྱེ་བ་དང་འགུལ་རྣམ་ལེགས་སྒྲིག་བྱེད་པ། དམིགས་ས་ཡོད་པའི་སྒོ་ནས་ལས་ཀའི་ཇུས་གཞི་བཟོ་བ། “སྟོན་གསུམ”གྱི་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་བདེ་ཐང་བརྟན་སྲུང་བྱེད་པ། མང་ཚོགས་ལ་ཐོན་འབབ་ཡག་པོ་ཡོང་བའི་འགན་ལེན་བྱེད་པ། ཕྱོགས་གཉིས་ནས་དམ་འཛིན་དང་ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྟོན་བསྡུའི་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་སྤེལ་བྱེད་པ་དང་། ཆ་སྒྲིག་རོགས་སྐྱོར་དང་ཕན་ཚུན་རོགས་རེས་སྒྲིག་འཛུགས་ཧུར་ཐག་བྱེད་པ། འཕྲུལ་ཆས་ཅན་གྱི་ལས་སྒྲུབ་ཆུ་ཚད་དང་སྟོན་བསྡུའི་ལས་ཕྱོད་མཐོ་རུ་གཏོང་བ། རིམས་ནད་ཐོན་རིང་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་དངོས་ཟོག་དང་དེ་བཞིན་ཞིང་ཕྱུགས་ཐོན་ཟོག་བྲིན་ཚོང་ཐབས་ལམ་ཤར་བགྲོད་ཐུབ་པ་བཅས་བྱས་ནས། ཞིང་འབྲོག་ལས་ཐོན་ལེགས་ཡོང་བའི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།