དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེའི་རྫོང་དང་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-08-27

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག ཚེས་25ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བསམ་གྲུབ་རྩེ་ཆུས་དང་བཞད་མཐོང་སྨོན་རྫོང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་གནང་བར་ཕེབས་པ་དང་འབྲེལ། ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ནས་སྨན་བཅོས་རིགས་གཅིག་མཁས་ཅན་ལ་འཚམས་འདྲི་ཞུས་པ་མ་ཟད། ཚང་མར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    བསམ་གྲུབ་རྩེ་ཆུས་མཐུན་སྒྲིལ་སྡེ་ཁུལ་དུ་དང་བླངས་པས་ཁྲལ་སེལ་སླ་བཅོས་སྤུ་ཙམ་མེད་པར་ཞིབ་བཤེར་ས་ཚིགས་བརྟན་སྲུང་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣས་སྡེ་ཁུལ་གྱི་ཛ་དྲག་འབྲེལ་གཏུག་ཁ་པར་དང་ཤ་ཚའི་དྲན་སྐུལ་བཀོད་པའི་གཅེས་སེམས་ཁུག་མ་སྤྲོད་བཞིན་ཡོད་ལ། བཀག་སྡོམ་དོ་དམ་བྱས་པའི་ཚོང་པས་ཕྱིར་བཟའ་བཏུང་སྐྱེལ་རྒྱུའི་གྲ་སྒྲིག་ཧུར་ཐག་བྱེད་བཞིན་པ་གཟིགས་སྐབས།

    ཡན་ཅིན་ཧའེ་ཡིས་ཚང་མར་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་ནན་པོ་བྱས་ནས“ཕྱིར་འགྲོ་སྐྱོད་མི་བྱེད་པའི”དོ་དམ་སྐོར་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ཞབས་ཞུ་དོ་དམ་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་བྱེད་པ། ཚང་མར་སྔ་བར་ཕྱི་གསུམ་དུ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་ཁྲིད་སྟོན་བཅས་བྱས་ནས་མཉམ་དུ་རིམས་འགོག་དང་མཉམ་དུ་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། “སྐབས་བསྟུན་གཙང་བཟོའི”སྤྱིའི་མཛད་ཕྱོགས་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རིམ་དབྱེ་རིགས་དབྱེའི་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་སྤྱི་ཚོགས་ཐོག་གཙང་བཟོའི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་ཡོང་བར་བྱེད་དགོས་ཤིང་། གཅིག་ནས་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས། གཉིས་ནས་དམིགས་ཚད་ལ་དམ་པོར་དམིགས་པ་དང“སྤྱི་ཚོགས་ཐོག་གཙང་བཟོ”བྱེད་པར་དམིགས་ནས་དུས་ཚོད་དང་མཚམས་ཚིགས་ལ་དམ་འཛིན་དང་། ཚད་གཞི་དང་ཡང་ཡང་བསྡུར་བ། ཚང་བཤེར་ཆད་གསབ། བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས། གསུམ་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བྱ་དགའ་དང་ཆད་གཅོད་ཁ་གསལ་གྱི་ཕྱོགས་སྟོན་གསལ་པོ་འཛུགས་པ་དང་། སེམས་ནང་གདེང་ཚོད་མེད་པ་དང་། ཐབས་ཤེས་མེད་པ། ལས་ཀར་དོ་སྣང་མི་བྱེད་པ། གཏིང་ཤུགས་མེད་པ། དོན་འཁྱོལ་ལ་འབྲས་བུ་མེད་པ་བཅས“མེད་པ་ལྔའི”ལས་བྱེད་པ་རྒྱ་ཡན་དུ་གཏན་ནས་མི་གཏོང་བ་དང་། ལས་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་འགྲོ་རྒྱུར་སྔར་བས་སྐུལ་མ་གཏོང་བ། དཀའ་ཚེགས་ཆེ་བའི་ལས་འགན་དང་ལེན་བྱེད་ཕོད་པ་དང་། སྐད་ཆ་ནན་པོ་ཤོད་ཕོད་པ། དཀའ་བ་དང་ལེན་ཕོད་པ་བཅས་བྱེད་པ། རང་དཔེ་གཞན་སྟོན་གྱིས་དོན་འཁྱོལ་ལ་དམ་འཛིན་དང་། སྤྱི་འདོམས་མཐུན་སྦྱོར་གྱིས་དོན་འཁྱོལ་ལ་དམ་འཛིན། བྱ་ཐབས་སྤྱད་ནས་དོན་འཁྱོལ་ལ་དམ་འཛིན། ལྟ་སྐུལ་ཞིབ་བཤེར་ནན་པོ་བྱས་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་དམ་འཛིན་རེ་བྱས་པར་ཕན་འབྲས་རེ་ཐོན་པ་དང་རྒྱལ་ཁ་ཆུང་ངུར་བརྟེན་ཏེ་རྒྱལ་ཁ་ཆེན་པོ་ཐོབ་པ་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།