ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བོད་ལྗོངས་ལས་དོན་ཚོགས་ཆུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། ཚེས་22ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རིན་སྤུངས་རྫོང་དང་བསམ་གྲུབ་རྩེ་ཆུས་སུ་ཕེབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་མ་ཟད། འཐབ་ས་དང་པོའི་ལས་དོན་པར་ཡང་གཟིགས་པ་རེད།
རིན་སྤུངས་རྫོང་རིན་སྤུངས་ཤང་གི་ཟམ་ཆེན་གྱི་ཞིབ་བཤེར་ས་ཚིགས་སུ་ཡན་ཅིན་ཧའེ་ཡིས་ཞིབ་བཤེར་ས་ཚིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་རིམ་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གནས་ཚུལ་ལ་ཞིབ་བཤེར་གནང་ནས་ཚང་མས་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་སྐྱེད་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ཕྱི་ནས་མི་འགོ་བའི་འགོག་སྲུང་འཛིང་རགས་སྔར་བས་བརྟན་དུ་བཏང་སྟེ་སྨན་བཅོས་དངོས་ཟོག་དང་འཚོ་བའི་མཁོ་ཆས་དབོར་བའི་ཤར་གཏོང་བགྲོད་ལམ་གྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་དང་། རྫོང་གི་ལོགས་འཇོག་ས་ཚིགས་དང་ཉིང་སྐྱུར་དཔེ་ལེན་ས་ཚིགས་སུ་ཡན་ཅིན་ཧའེ་ཡིས་རིན་སྤུངས་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱས་པའི་རྨང་གཞིའི་ཐོག་མི་སྣ་སྐོང་འཐེན་ཧུར་ཐག་བྱས་ནས་རྫོང་དང་ཆུས་གཞན་ལ་རོགས་སྐྱོར་བྱས་པ་མ་ཟད། “བཙས་མ་རྔ་རོགས”སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཕྱིར་གླ་པ་རྒྱུག་མཁན་གྱི་ཁྱིམ་དུད་ལ་ཞབས་འདེགས་ཧུར་ཐག་ཞུས་ཚུལ་མཁྱེན་རྟོགས་བྱུང་སྐབས། ཁོང་གིས་ཡག་པོ་བྱུང་མིན་གྲུབ་འབྲས་ལ་ལྟ་དགོས་པ་དང་། བབ་བསྟུན་འཕྲལ་སྒྲུབ་དང་། ཉེན་ཁའི་གནས་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བརྡར་གཅོད། དོ་དམ་ཚོད་འཛིན་ནན་པོའི་སྒོ་ནས་མ་བྱུང་སྔོན་འགོག་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ཏེ“གནས་དང་གནས་གཏུག་པའི”བཀག་སྡོམ་དོ་དམ་སོགས་ཀྱི་བྱ་ཐབས་སྤྱད་དེ་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་མང་ཚོགས་ལ་སྟོན་བསྡུ་དང་རྣམ་གྲངས་འགན་ལེན་ཡོང་བའི་བཀོད་སྒྲིག་བྱེད་དགོས་ཞེས་བསྟན་གནང་ཡོད།
ཚེས་22ཉིན་གྱི་དགོང་མོར། ཡན་ཅིན་ཧའེ་ཡིས་བསམ་གྲུབ་རྩེ་ཆུས་ཀྱི་སྡེ་ཁུལ་མང་པོར་འཚམས་འདྲི་གནང་ནས “ཁྱིམ་ནས་མི་དོན་པ”དང“སྡེ་ཁུལ་ནས་མི་དོན་པའི”བླང་བྱ་དོན་འཁྱོལ་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། འགན་འཁུར་བར་གྲོང་མིར་ཉིང་སྐྱུར་བརྟག་དཔྱད་དང་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་ཞིབ་ཕྲ་དྲིས་ཤིང་། སློབ་གསོའི་བདེ་སྡོད་གླིང་དུ་ཉིན་མང་པོ་བསྟུད་མར་ནད་དཔེ་གསར་པ་ཐོན་མེད་པ་དང་ཉི་འོད་གླིང་ཉེན་ཁ་ཆུང་ཁུལ་ཡིན་པ་མཁྱེན་རྟོགས་བྱུང་རྗེས། ཡན་ཅིན་ཧའེ་ཡིས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་ངང་ཉེན་ཁ་ཆེ་འབྲིང་ཁུལ་གཏན་འཁེལ་ཡག་པོ་དང་གང་མགྱོགས་བྱེད་དགོས་ལ། དུས་ཐོག་ཏུ་ཚོད་སྐོར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ཐེངས་དགུ་པར་ནན་པོར་གཞིགས་ཏེ། སྒྲིག་སྲོལ་ལྟར་དུས་དང་འཚམ་པའི་སྒོ་ནས་ཉེན་ཁའི་རིམ་པ་ལེགས་སྒྲིག་དང་རིམ་པ་སྤོར་གཅོག་དང་བཀག་གློད་གཉིས་ཀ་ཡོད་པ་བྱས་ནས་རིམས་འགོག་གི་མི་ཤུགས་དང་དངོས་ཟོག་དགོས་མཁོ་ཆེ་ཤོས་ཡོད་སར་སྤྱོད་ཐུབ་པར་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་ས་གནས་ས་ཐོག་གི་ལས་དོན་པར་རིམས་ནད་མཆེད་ལམ་འགོག་པར་སྡེ་ཁུལ་ནི་འགོག་སྲུང་འཛིང་རགས་གལ་ཆེན་ཞིག་ཡིན་པས། ལྷོད་གཡེང་གཏན་ནས་མི་བྱེད་པ་མཐའ་འཁྱོངས་བྱས་ཚེ་རྒྱལ་ཁ་འཐོབ་རྒྱུ་ཡིན་ལ་མཐའ་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་ཀྱང་ཡིན་པའི་མངག་བྱ་ཡང་ཡང་གནང་བ་རེད། “རྒྱལ་སྒོ་ཆེན་པོ”ངེས་པར་དུ་ཡག་པོ་བསྲུངས་ནས་བློ་གཅིག་སེམས་གཅིག་དང་བརྩེ་བ་ཆེན་པོས་ཞབས་ཞུ་འགན་ལེན་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་སྨན་པ་བསྟེན་པ་དང་སྨན་སྤྱོད་ཀྱི་དགོས་མཁོ་དུས་ཐོག་ཏུ་བསྐངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མང་ཚོགས་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་བྱས་ཏེ་མཉམ་ཇུས་མཉམ་ཤུགས་ལ་བརྟེན་ནས་རིམས་ནད་མེད་པའི་སྡེ་ཁུལ་གཏོད་དགོས། ཚང་མས་བློ་གཅིག་སེམས་གཅིག་གིས་ཕྱར་བ་གྲུ་འདེགས་བྱེད་པར་བརྟེན་ཚེ་ང་ཚོ་རིམས་ནད་ལས་མགྱོགས་མྱུར་རྣམ་པར་རྒྱལ་ནས་མི་སེར་ཚོའི་རྒྱུན་གཏན་གྱི་འཚོ་བའི་སྒྲིག་ལམ་སྔ་ཙམ་སླར་གསོ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།