དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-24

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་22ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་དུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ལྗོངས་ཏང་ཨུད་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་རིམས་འགོག་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ཡོད་པ་རེད།

    ས་ཆ་ཁག་ཏུ་ཕེབས་རིམ་བཞིན་བློ་བཟང་རྒྱལ་མཚན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་དང་། ལོགས་འཇོག་མི་སྣའི་འཚོ་བའི་འགན་ལེན་གནས་ཚུལ། དཀའ་ངལ་གཞན་གང་ཡོད་མེད་བཅས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་ཟོག་འདང་ངེས་ཡོད་པ་དང་མང་ཚོགས་གཅིག་ཀྱང་མ་ལུས་པར་ཉིང་སྐྱུར་བརྟག་དཔྱད་བྱས་པ་མཁྱེན་རྟོགས་བྱུང་སྐབས་བློ་བཟང་རྒྱལ་མཚན་ཐུགས་ཧ་ཅང་མཉེས་པོ་བྱུང་བ་རེད། ཁོང་གིས་རིམས་ནད་ཐོན་པ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཐེངས་མང་ཕེབས་ཏེ་་བླང་བྱ་གསལ་པོ་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་སྤེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་བཀའ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཏེ་རིམས་ནད་ལས་རྣམ་པར་རྒྱལ་ཆེད་ཏན་ཏིག་ནུས་ལྡན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཡིད་ཆེས་བརྟན་དུ་བཏང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་བྱམས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་བརྒྱ་སེམས་གཅིག་དང་དམངས་སེམས་གཅིག་མཐུན་བཅས་ཡོད་པས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རིམས་འགོག་གི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རྒྱུན་མཐུད་དམག་འཐབ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་གནད་སྨིན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། མི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལས་དོན་ཇི་ལྟར་སྤེལ་རྒྱུར་ཕན་ཐོགས་ཡོང་བ་དང་གང་མགྱོགས་གཙང་སེལ་ལ་ཕན་ཐོགས་ཡོད་པར་དམིགས་ནས་རིམས་ནད་ལས་བྱུང་བའི་གྱོང་གུན་དམའ་ཤོས་སུ་གཏོང་ཐུབ་པ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་ཉམས་མྱོང་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་ནས་བསམ་ཕྱོགས་གསར་འབྱེད་ཀྱིས་གནད་དོན་ཐག་གཅོད་བྱེད་དགོས། དམིགས་བསལ་གནས་ཚུལ་ལ་དམིགས་བསལ་ཐབས་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་སྒོ་ནས་མང་ཚོགས་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་མཉམ་འགོག་མཉམ་སྡོམ་དང་དམངས་འགོག་དམངས་སྡོམ་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།