ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།
ཟླ་8ཚེས་20ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་སྡེ་ཁུལ་དང་སྨན་ཁང་སོགས་ས་གནས་ས་ཐོག་གི་འཐབ་ས་དང་པོར་ཕེབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནད་དོན་ལ་ཐད་ཀར་དམིགས་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་བྱེད་པར་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལས་འགྲོ་གྲོང་ཚོའི་སྒྲོམ་ཚང་སྨན་ཁང་དུ་སྨན་ཁང་གི་དོ་དམ་གཉེར་སྐྱོང་དང་། མི་སྣའི་སྟོབས་ཤུགས་བཀོད་སྒྲིག ནད་པ་བསྡུ་ལེན་དང་སྨན་བཅོས་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བཞིན་པ།
ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རླངས་འཁོར་ལ་སྤྱི་ལེ་260བཞུགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་སྡེ་ཁུལ་དང་སྨན་ཁང་སོགས་འཐབ་ས་དང་པོར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། མཇུག་འབྲས་ཕྱོགས་སྟོན་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ། ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ལས་བྱེད་པ་འགའ་ཞིག་གིས་རིམས་འགོག་ལས་དོན་ཁྲོད་ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་བྱེད་རིགས་དེ་བས་བཀག་འགོག་བྱེད་པ། ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཡོང་བར་དམ་འཛིན་ནན་པོ་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བཅས་བྱས་ཏེ་རིམས་ནད་གང་མགྱོགས་ཚོད་འཛིན་ཐུབ་པ་བྱས་ནས་སྤྱི་ཚོགས་ཐོག་གཙང་བཟོ་བྱེད་པའི་དམིགས་ཚད་དུས་ཚོད་ཐུང་ཤོས་ནང་མངོན་འགྱུར་ཡོང་བ་བྱེད་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་ལྷན་དུ་ཞུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཟླ་བ་ཚེ་རིང་དང་། འོད་ཟེར། ཀྲང་ཡན་ཆིང་བཅས་ཞུགས་ཡོད་པ་རེད།
“བློ་མཐུན་ཚོ་སྐུ་ལས་ཁག་སོང”ཞེས་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོའི་ཞིབ་བཤེར་ས་ཚིགས་སུ་ཝང་ཅུན་ཀྲེང་གིས་འཐབ་ས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་སྨན་དོན་མི་སྣར་བྱམས་བརྩེའི་ངང་གཟིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་རྒྱུན་མཐུད་འབད་འཐབ་བྱེད་མཁན་བློ་མཐུན་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཚང་མས་རྒྱུན་མཐུད་དམག་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ལྷོད་གཡེང་གི་བསམ་བློ་དང་དམག་འཁྲུག་ལ་སུན་སྣང་བྱེད་པའི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། འགག་སྒོ་ནན་སྲུང་དང་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བཅས་བྱ་རྒྱུའི་ཐུགས་རེ་གནང་བ་རེད། ལས་འགྲོ་གྲོང་ཚོའི་སྒྲོམ་ཚང་སྨན་ཁང་དུ་དམིགས་བཙུགས་ལོགས་བཀར་གྱི་ནད་པ་ཚང་མར་དུས་ཐོག་ཏུ་སྨན་བཅོས་ཐུབ་ཡོད་པ་རེད། ཝང་ཅུན་ཀྲེང་གིས་མི་སྣ་བསྒྱུར་སྐྱེལ་དང་། ལོགས་བཀར་དོ་དམ། སྨན་བཅོས་སྐྱོབ་བཅོས། འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲོམ་ཚང་སྨན་ཁང་གི་འཁོར་སྐྱོད་དོ་དམ་ལེགས་སུ་གཏོང་བ་དང་། ལས་ཕྱོད་ཆེ་རུ་གཏོང་བ། དམིགས་བསལ་ལས་དོན་དམིགས་བསལ་སྒྲུབ་པ་བཅས་བྱས་ཏེ་སྒྲོམ་ཚང་སྨན་ཁང་ཕན་འབྲས་ཆེན་པོས་འཁོར་སྐྱོད་དང་ནུས་པ་དེ་བས་ཆེ་བ་འདོན་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་སྐབས་བསྟུན་དུ་ཉེན་ཁ་ཆེ་འབྲིང་སྡེ་ཁུལ་དུ་ཕེབས་ནས་ཁུལ་ཆུང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་ཕྱོད་དང་། དྲ་མིག་ཅན་གྱི་དོ་དམ། གྲོང་མིའི་འཚོ་བ་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། མི་དམངས་མང་ཚོགས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བསམ་ཤེས་དང་། རྒྱབ་སྐྱོར། གཞོགས་འདེགས་བཅས་བྱས་པར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས་ནན་བཤད་གནང་དོན། འགག་སྒོ་མདུན་དུ་སྤོ་བ་དང་སྟོབས་ཤུགས་གཞི་རིམ་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཞི་རིམ་རྨང་གཞི་སྔར་བས་བརྟན་དུ་བཏང་སྟེ་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་དགོས། དོ་དམ་ནན་པོ་དང་། ཞབས་འདེགས་ཡག་པོ། འགན་ལེན་ཤུགས་ཆེན་བཅས་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་རང་འགུལ་ངང་ཉན་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་འདེབས་པ། གནད་དོན་དངོས་ཐག་གཅོད་བཅས་བྱས་ཏེ་རྒྱ་ཆེའི་མང་ཚོགས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་རྒྱུའི་སྐུལ་སློང་བྱེད་དགོས།
གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཝང་ཅུན་ཀྲེང་གིས་སྒོ་བསྟེན་སྨན་བཅོས་དང་ནད་པར་སྨན་བཅོས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་ཞིང་། ཁོང་གིས་གསུངས་དོན། རྒྱ་ཆེའི་སྨན་དོན་མི་སྣས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་སུ་དཔའ་ངར་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་ལས་མི་དམངས་ཀྱི་ཁེ་ཕན་མཐའ་དག་ལས་ལྷག་པར་བརྩི་བའི་འགན་འཁྲི་འཁུར་སེམས་མཚོན་ཡོད། ཁྱེད་ཚོས་སྨན་པའི་ཀུན་སྤྱོད་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་སྲོག་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ཏེ་མང་ཚོགས་ཀྱི་རྒྱུན་གཏན་གྱི་སྨན་བཅོས་དགོས་མཁོ་བསྐངས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས། ད་དུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་མཁན་ལས་དོན་མི་སྣར་དེ་བས་དོ་ཁུར་དང་སེམས་ཁུར་བྱས་ཏེ་ཁོང་ཚོའི་སེམས་ནུས་ཡོད་རྒུ་དུ་ཞག་མེད་པའི་དམག་འཐབ་འདིའི་ནང་འདོན་ཐུབ་པ་བྱེད་དགོས།
ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་རིང་ཝང་ཅུན་ཀྲེང་གིས་གཞིས་རྩེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་ཞིང་། ཁོང་གིས་གསུངས་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ནད་དུག་དང་འགྲན་བསྡུར་དང་འཐབ་རྩོད་བྱེད་རིང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལ་གོ་བ་ལེན་ཤུགས་སྔར་བས་ཟབ་ཏུ་ཕྱིན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་ཟབ་ཏུ་ཕྱིན་ཏེ་ལས་ཀའི་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་བཙུགས་ཡོད། ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་དགོས་གཏུགས་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་དམིགས་བསལ་གྱི་བྱ་ཐབས་སྤྱད་ནས་དམིགས་བསལ་གྱི་བྱ་བར་ཁ་གཏད་གཅོག་པ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་སྒྲོལ་བྱེད་པ། ཞན་ཆ་དང་སྐྱོན་ཆ་སེལ་བ། འཕྲལ་ཐག་ཆོད་པའི་བྱ་ཐབས་མཐའ་གཅིག་ཏུ་སྤྱད་ནས་མཆེད་ལམ་གང་མགྱོགས་གཅོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། རིགས་དབྱེ་མཛུབ་ཁྲིད་དང་གནད་སྨིན་ཇུས་བསྟར་གྱིས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། སྤྱི་ཚོགས་བརྟན་ལྷིང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་སྤྱི་འདོམས་བྱས་ཏེ། སྤྱི་ཚོགས་ཐོག་དོ་དམ་ཚོད་འཛིན་ནན་པོ་དང་ལྟ་སྲུང་ནན་པོ་བྱས་ནས་རིམས་ནད་སྔོན་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་མཐའ་གཅིག་ཏུ་བསྐྲུན་དགོས། ཕན་ནུས་ཆེ་བའི་ངང་རིམས་དཔྱད་ཁུངས་འདེད་དང་། རིམས་ནད་ཀྱི་ཉེན་ཁའི་རིམ་པ་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད། ཁུལ་དབྱེ་རིམ་དབྱེའི་སྔོན་འགོག་དང་ཚོད་འཛིན་གནད་སྨིན་ཡོང་བ། དུས་ཐོག་ཏུ་བབ་བསྟུན་ལེགས་སྒྲིག་བཅས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་ཁུལ་ཁོངས་དང་གཙོ་གནད་ས་ཚིགས་འགག་སྒྲོལ་ཡོང་བར་བྱེད་དགོས། གཙོ་གནད་ཁུལ་ཁོངས་དང་། གཙོ་གནད་འདུ་གནས། གཙོ་གནད་མི་སྣ་བཅས་ལ་དམ་པོར་དམིགས་ཏེ་རྩ་འཛུགས་ཀྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། དཔེ་ལེན་དང་། སྐྱེལ་འདྲེན། བརྟག་དཔྱད། སྙན་སེང་སོགས་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ། ཉིང་སྐྱུར་བརྟག་དཔྱད་ལ་སྐུལ་འདེད་ནུས་ལྡན་གཏོང་བ། ཆུ་ཚོད་24ཡི་ནང་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་ཐེངས་རེ་ཐུབ་པ་བྱས་ནས་མཐའ་གསལ་མཐིལ་རྟོགས་གང་མགྱོགས་ཐུབ་པར་བྱེད་དགོས། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀའི་བྱེད་སྟངས་ལེགས་སུ་གཏོང་བ་དང་། ལྷག་པར་དུ་རྒན་རྒོན་དང་། ཉམས་ཞན། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ་སོགས་དམིགས་བསལ་ཚོགས་སྤྱིར་དོ་ཁུར་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་ཡག་པོ་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཡུལ་སྐོར་བར་དོ་དམ་དང་ཞབས་འདེགས་ཡག་པོ་ཞུ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་པར་གཞི་དགུ་པའི་བླང་བྱར་ནན་པོ་གཞིགས་པ། བོད་ནས་ཐོན་སའི་འགག་སྒོ་ནན་པོ་སྲུང་བ། བོད་ནས་ཐོན་མཁན་མི་སྣར“ཉིན་གསུམ་ནང་ཞིབ་བཤེར་ཐེངས་གཉིས”བྱས་འབྲས་སྲིབས་གཤིས་ཡིན་པ་ངོ་སྤྲོད་དགོས་པའི་རྨང་གཞིའི་ཐོག་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱས་ཏེ། རིམས་ནད་ཕྱི་ལ་གཏན་ནས་མ་མཆེད་པར་བྱེད་དགོས། དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་རིམས་ནད་འགོག་བཅོས་ཀྱི་དྲང་ནུས་གཅིག་འདུས་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་ཀའི་ཕན་འབྲས་དངོས་ལ་བརྟེན་ནས་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོ་ནས་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་པ་ཤེས་རྟོགས་བྱེད་པར་སྣང་ཆེན། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ནན་དུ་བཏང་སྟེ་ལས་དོན་གྱི་ཆུ་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། རང་འགུལ་ངང་རང་འགན་ཐེག་པ་འཁུར་ལེན་དང་། མཉམ་འགོག་མཉམ་སྡོམ་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་གནས་ཚུལ་མཐིལ་རྟོགས་ཞིབ་ཚགས་བཅས་བྱས་ནས་དངོས་ཡོད་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་མིག་དཔེ་འདོན་པ་དང་གོང་དཔེ་འོག་སྟོན་བྱས་ཏེ་ཏན་ཏན་ཏིག་ཏིག་དང་མཁྲེགས་སར་གཏུག་ཕོད་པ་བྱས་ནས་གནད་དོན་ཐག་གཅོད་བྱེད་སྐབས་འཕྲལ་མར་ལག་བསྟར་ཐུབ་པ་དང་མཐིལ་རྟོགས་ཕན་འབྲས་ཐོན་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་ལ་འགོག་རྒོལ་བྱེད་སྐབས་འགག་རྩའི་ཉུང་ཤས་ཡིན་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཉེན་ཁ་ཆེན་པོར་ཁ་གཏད་གཅོག་སྐབས་ཀྱི་འགན་འཁྲི་འཁུར་སེམས་དང་ཆབ་སྲིད་ཀྱི་བློ་སྟོབས་ལ་ཚོད་བགམ་བྱེད་ཀྱི་ཡོད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། འགན་འཁྲི་དང་ལས་འགན་ཕྲག་ཏུ་ཁུར་ཏེ་དུས་ཐོག་ཏུ་རིམས་ནད་ཀྱི་དུས་བབ་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པ་དང་། རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་གནད་དོན་ཐག་གཅོད་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་འགོག་བཅོས་དང་གནད་སྨིན་ཇུས་འདོན་ལ་ཤུགས་བརྒྱབ་སྟེ་ལས་ཀའི་བྱེད་ཐབས་ཟམ་མི་ཆད་པར་ལེགས་སུ་བཏང་ནས་གཅིག་དཔེ་བརྒྱ་འགེབས་མི་ཡོང་བར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། “བཤད་པ་ཙམ་གྱིས་བསྒྲུབས་པར་བརྩི་བ་དང་བསྒྲུབས་པ་ཙམ་གྱིས་ཡག་པོ་བསྒྲུབས་པར་བརྩི་བའི”སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ཞིབ་ཕྲའི་མཚོན་ཚུལ་སྔ་ཙམ་ཤེས་རྟོགས་ཐུབ་པ་དང་སྔ་ཙམ་བཅོས་སྒྲིག་བྱས་ནས་ཏང་ཡོན་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་དེ་ལས་དོན་གྱི་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས། ཕྱི་ཚུལ་ཙམ་དང་བཟོ་ལྟ་ཙམ་སྟོན་པ་དང་རིམས་འགོག་ལས་དོན་ཁྲོད་འགན་འཁྲི་ཕར་དཀྲི་ཚུར་དཀྲི་བྱེད་མཁན་ལས་བྱེད་པར་ཐག་གཅོད་ནན་པོ་བྱེད་དགོས།
ཡུས་ཞུའེ་ཅུན་གྱིས་ནན་བཤད་གནང་དོན། ཡིད་ཆེས་བརྟན་དུ་གཏོང་བ་དང་། སྟོབས་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་པ་བཅས་བྱས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཙོ་གནད་ལྷུ་ཚིགས་དང་འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ། རིམས་ནད་ཐག་གཅོད་བྱེད་མགྱོགས་སུ་དང་ནན་དུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་དམངས་འཚོ་བརྟན་པོ་དང་། མི་སེམས་བརྟན་པོ། འགན་ལེན་བརྟན་པོ། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་སྟེ་གྲོང་ཁྱེར་ཡོངས་དང་རོགས་སྐྱོར་བྱེད་མཁན་གྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་སྟོབས་ཤུགས་ལ་སྤྱི་འདོམས་ཡག་པོ་བྱས་ནས་རྩ་འཛུགས་ཀྱི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་ཡག་པོ་བཙུགས་ནས་ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་དགོས། སྡེ་ཁུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་ཉེན་ཁ་ཆེ་འབྲིང་ཁུལ་ལུགས་མཐུན་ངང་དབྱེ་འབྱེད་བྱེད་པ་དང་། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་གྲལ་བཤེར་དང་། དོ་དམ་ཚོད་འཛིན། ལྟ་སྐུལ་མཛུབ་ཁྲིད། དྲིལ་བསྒྲགས་སློབ་གསོ། གཅེས་སྐྱོང་བཅས“དམིགས་སར་འབྱོར་བ་ལྔ”ཐུབ་པར་བྱེད་དགོས། དམིགས་བཙུགས་སྨན་ཁང་དང་ལོགས་བཀར་ས་ཚིགས་ཀྱི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་སྒྲོམ་ཚང་སྨན་ཁང་དང་རྗེས་གྲབས་དམིགས་བཙུགས་སྨན་ཁང་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། སྨན་བཅོས་སྐྱོབ་བཅོས་དང་ལྷག་པར་དུ་ནད་ཚབས་ལྕི་རིགས་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་སྨན་ཁང་བསྒྱུར་དགོས་རིགས་བསྒྱུར་གང་ཐུབ་དང་། ལོགས་འཇོག་བྱེད་དགོས་རིགས་ལོགས་འཇོག་བྱེད་གང་ཐུབ། ཉར་བཅོས་བྱེད་དགོས་རིགས་ཉར་བཅོས་བྱེད་གང་ཐུབ། སྨན་བཅོས་བྱེད་དགོས་རིགས་སྨན་བཅོས་བྱེད་གང་ཐུབ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཆེན་པོ་ཞིག་སྔར་བས་ཆགས་པར་བྱས་ཏེ་ལས་ཕྱོད་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ནས་སྤྱི་ཚོགས་ཐོག་ལ་གཙང་བཟོའི་དུས་མཚམས་ཀྱི་དམིགས་ཚད་དུས་ཡུན་ཐུང་ཤོས་ནང་མངོན་འགྱུར་ཡོང་བར་བྱེད་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣