དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་ཞིབ་བཤེར་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-23

    ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ལས་དོན་བླང་བྱ་གཞིར་བཟུང་། ཚེས་21ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་གྱི་འཐབ་ས་དང་པོར་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད།

    ཡན་ཅིན་ཧའེ་བསམ་གྲུབ་རྩེ་ཆུས་ཀྱི་ཉིང་སྐྱུར་བརྟག་དཔྱད་དཔེ་ལེན་ས་ཚིགས་ཁག་ཏུ་ཕེབས་སྐབས། དཔེ་ལེན་སོགས་ལས་ཀའི་མྱུར་ཚད་ཧ་ཅང་མགྱོགས་པོ་ཡོད་པ་གཟིགས་ཤིང་། ཁོང་གིས་དམིགས་ཚད་ལ་དམ་པོར་དམིགས་ནས་གཅིག་སྡུད་འགག་སྒྲོལ་དང་། སྟོབས་ཤུགས་གཅིག་སྒྲིལ། ཚན་རིག་དང་མཐུན་པའི་བཀོད་གཏོང་བཅས་བྱས་ནས། ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། དངོས་ཟོག་འགན་ལེན་དང་། བརྟག་དཔྱད། རིམས་ནད་རིག་པའི་བརྟག་དཔྱད། བསྒྱུར་སྐྱེལ་སོགས་ཀྱི་ལས་དོན་ནུས་ཆེའི་ངང་སྤེལ་བར་གཞོགས་འདེགས་བྱེད་པ་དང་། “ དཔེ་ལེན་དང་། དབོར་འདྲེན། བརྟག་དཔྱད། སྙན་སེང་། ཁུངས་འདེད། དོ་དམ”བཅས་ཀྱི་ལྷུ་ཚིགས་ཁག་འབྲེལ་མཐུད་གང་ལེགས་བྱེད་པ། བརྟག་དཔྱད་ཀྱི་ཕན་ནུས་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་བ། རིམས་ནད་གནད་སྨིན་ཞིབ་འཇུག་བརྡར་གཅོད་བྱེད་པར་རྨང་གཞིའི་གྲངས་གཞི་མཁོ་འདོན་བྱེད་པ། གདགས་གཤིས་མགྱོགས་མྱུར་འཚོལ་བ། ལོགས་བཀར་བརྒྱུད་འདྲེན་ལམ་སྲོལ་ལེགས་སུ་གཏོང་བ། ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཉིན་ལྟར་བརྟག་དཔྱད་ཉིན་ལྟར་གཙང་བཟོ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    རིམས་ནད་ཐོན་ཚུན། ཆུ་ཤར་སྡེ་ཁུལ་གྱིས་འགག་སྒོ་ནན་སྲུང་གིས། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་པས་ད་བར་རིམས་ནད་འགོས་མཁན་གཅིག་ཀྱང་བྱུང་མེད། ཡན་ཅིན་ཧའེ་ཡིས་སྡེ་ཁུལ་ཉེ་འགྲམ་གྱི་སྔོ་ཚལ་དྲོད་ཁང་ནང་ཕེབས་ཏེ་སྔོ་ཚལ་ཐོན་སྐྱེད་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཡོད། སྡེ་ཁུལ་གྱི་འགན་འཁུར་བས་དྲོད་ཁང་ནང་ཤིང་འབྲས་དང་སྔོ་ཚལ་འབེལ་བས་ཉིན་ལྟར་འཐུ་ཡི་ཡོད། མིག་སྔར་སྡེ་ཁུལ་གྱི་མང་ཚོགས་དང་དེ་བཞིན་གྱི་གྲོང་ཁུལ་ལ་ཤིང་འབྲས་དང་སྔོ་ཚལ་ཏུན་10ཙམ་བསྐྱལ་བ་ཡིན་ཞེས་ངོ་སྤྲོད་བྱས། ཡན་ཅིན་ཧའེ་ཡིས་ཁས་ལེན་གང་ལེགས་གནང་བ་མ་ཟད། ད་དུང་ཚང་མར་མུ་མཐུད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་སྔོ་ཚལ་ཐོན་སྐྱེད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། མང་ཚོགས་ཀྱི“ཤ་ཚལ་སྒོང”གསུམ་འགན་ལེན་ཡག་པོ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་སྟོན་བསྡུའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་ཞིང་ནང་དང་མུ་ཁར་ཕེབས་ནས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒྱ་མཚོ་གཞུང་ཤང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག མཉམ་ལས་ཁང་གིས་འཕྲུལ་བསྡུ་སོགས་ལ་བརྟེན་ནས་སྟོན་བསྡུའི་ལས་དོན་སྤེལ་རྩིས་ཡོད་པ་མཁྱེན་ཡོད། ཁོང་གིས་སྟོན་བསྡུའི་དུས་ཚིགས་དང་ཏག་ཏག་འཁེལ་བས་ལོ་ཏོག་བརྔ་བསྡུ་དང་འབྲུ་རིགས་མཛོད་མཇུག་གི་ལས་དོན་ལ་འཐུས་ཤོར་གཏོང་མི་རུང་། དེས་ན་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་པ། མང་ཚོགས་ཀྱི་བློ་རིག་དང་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ། གདུབ་ཟུམ་དོ་དམ་དང“གཅིག་གཏད་གཅིག”སོགས་ཀྱི་བྱེད་ཐབས་སྤྱོད་པ་བཅས་བྱས་ནས། ཉིང་སྐྱུར་བརྟག་དཔྱད་དང་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་པའི་སྔོན་འགྲོའི་ཆ་རྐྱེན་འོག མང་ཚོགས་ཀྱིས་མགྱོགས་མྱུར་སྟོན་བསྡུ་བྱེད་པར་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་ཀྱིས་མི་སེར་གྱི་ལོ་གཅིག་གི་དཀའ་སྤྱད་ཆུད་ཟོས་སུ་མི་འགྲོ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཞིབ་བཤེར་གནང་རིང་། ཡན་ཅིན་ཧའེ་ཡིས། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཙུའུ་ཀྲང་ཡུས་ཞུའེ་ཅུན་སྐུ་ངོ་མ་གཞིས་རྩེ་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་བཏོན་གནང་བས། དེ་ནི་སྐུལ་འདེབས་ཤིག་ཡིན་ལ་སྐུལ་ལྕག་ཅིག་དེ་བས་ཡིན། དེས་ན་ང་ཚོས་ངེས་པར་དུ་སློབ་སྦྱོང་ནན་ཏན་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། དམིགས་ཚད་ལ་དམིགས་ནས་གཅིག་སྡུད་འགག་སྒྲོལ་གྱིས། སྒྲིག་འཛུགས་ནུས་པ་དང་ལག་ལེན་བསྟར་ནུས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། “འགག་སྒྲོལ་དམག་འཐབ་ཆེན་པོ་བཞིའི”བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། གཙོ་གནད་ས་ཁོངས་དང་། གཙོ་གནད་འདུ་ཚོགས། གཙོ་གནད་མི་ཚོགས་བཅས་ལ་སྟངས་འཛིན་བྱེད་པ་དང་། ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་བྱེད་པ། ཉེན་ཁའི་རིམ་པ་མི་འདྲ་བ་དང་མི་ཚོགས་མི་འདྲ་བ་གཞིར་བཟུང་ཐབས་ཇུས་འདོན་པ་བཅས་བྱས་ནས། ལེགས་ཆའི་སྟོབས་ཤུགས་གཅིག་སྡུད་ཀྱིས་གཙོ་གནད་ལ་དམིགས་དགོས། བཀག་སྡོམ་ཁུལ་ལ་ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་དོ་དམ་ཚོད་འཛིན་བྱས་ནས། གནད་སྨིན་དང་། དུས་ཐོག སྒུལ་རྣམ་བཅས་ཀྱི་རྩ་དོན་གཞིར་བཟུང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁུལ་དབྱེ་རིམ་དབྱེ་དང་ཚན་རིག་དང་མཐུན་ལ་གནད་སྨིན་ངང་སྤྱོད་དགོས་པའི་ནན་བཤད་གནང་བ་རེད།

    མིག་སྔར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འོད་ཟེར་གྱིས་ཀྱང“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱེད་སྟངས་སྤྱད་ནས། གཞིས་རྩེ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། ད་དུང་ལས་དོན་གྱི་བླང་བྱ་ཡང་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།