ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཞིབ་ཕྲའི་མཛུབ་ཁྲིད་འོག་ཚེས་19དང་ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་དུ་སྨན་བཅོས་སྐྱོབ་བཅོས་དང་སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་གནང་བ་རེད།
གཞིས་རྩེའི་སྒྲོམ་ཚང་སྨན་ཁང་དུ་ཡན་ཅིན་ཧའེ་ཡིས་སྨན་ཁང་འཛུགས་སྐྲུན་འཁོར་སྐྱོད་དང་། སྨན་བཅོས་ཇུས་གཞི། སྐྱོབ་བཅོས་བྱ་ཐབས། ནད་པ་དྲག་སྐྱེད་བྱུང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་གཞུང་དོན་ཡང་བསྒྲུབས་གནང་བ་རེད། རིགས་གཅིག་མཁས་ཅན་སྨན་བཅོས་ཚོགས་པས་སྨན་བཅོས་དང་ལྟ་རྟོག་ཞིབ་ཚགས་བྱས་པས་སྒྲོམ་ཚང་ནང་གི་ནད་གཞི་ཡང་བའི་ནད་པ་ཕལ་ཆེ་བ་དྲག་སྐྱེད་མགྱོགས་པོ་བྱུང་བ་མཁྱེན་སྐབས། ཡན་ཅིན་ཧའེ་ཡིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རིགས་གཅིག་མཁས་ཅན་ཚོགས་ཆུང་དང་ཆེད་ལས་ཚོགས་པའི་འགག་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱེད་པ། ཆ་རྐྱེན་འཛོམས་པའི་མི་སྣ་སྒྲོམ་ཚང་ནས་དོན་པའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། གཏམ་བཟང་ལ་བརྟེན་ནས་འཐབ་སེམས་སྔར་བས་འཕེལ་བ་དང་། རིམས་འགོག་གི་ཡིད་ཆེས་ཆེ་རུ་འགྲོ་བ། རིམས་འགོག་ཆོད་སེམས་བརྟན་དུ་གཏོང་བ་བཅས་བྱེད་དགོས། དོ་དམ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲོམ་ཚང་སྨན་ཁང་གི་བཀོལ་སྤྱོད་བརྒྱུད་རིམ་གནད་སྨིན་དོན་འཁྱོལ་བྱེད་པ། སྒྲོམ་ཚང་ནང་གི་མི་སྣའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒྲོམ་ཚང་སྨན་ཁང་དུ་དྲོ་སྐྱིད་ཀྱིས་ཁེངས་པར་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྒྲོམ་ཚང་ནང་དང་བླངས་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་མཐོན་པོར་གཡོ་བར་བྱེད་དགོས་ཞེས་གསུངས་པ་རེད།
ཞིབ་བཤེར་གནང་རིང་། ཡན་ཅིན་ཧའེ་ཡིས་ཚད་གཞི་ནན་པོ་བཟོ་བ་དང་། མང་ཚོགས་ལ་བརྟེན་པ། སེམས་ཤུགས་གཅིག་སྒྲིལ་བྱེད་པ། མཐུན་སྒྲིལ་ངང་དམག་འཐབ་བྱེད་པ། “རིམས་ནད་མེད་པའི་སྡེ་ཁུལ”དང་། “རིམས་ནད་མེད་པའི་གྲོང་ཚོ” “རིམས་ནད་མེད་པའི་ཤང” “རིམས་ནད་མེད་པའི་དགོན་སྡེ”སོགས་ཧུར་ཐག་གཏོད་པ། མཉམ་འགོག་མཉམ་སྡོམ་གྱི་མཉམ་ཤུགས་ཆེན་པོ་ཆགས་པ་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་ཅིག་རྒྱག་དགོས། སྤུས་ཚད་ལ་སྟངས་འཛིན་དང་། འགན་འཁྲི་ནན་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཁྲལ་སེལ་སླ་བཅོས་མི་བྱེད་པ། དོ་དམ་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྐོར་ཞིབ་ཀྱི་ལས་རེས་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཐོག་མཐའ་བར་གསུམ་དུ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། “སྒོ་ཆུང”དངོས་འབྲེལ་ཡག་པོར་བསྲུངས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་ཡོལ་བརྟན་པོ་སྐྲུན་དགོས། གྲུབ་འབྲས་ཡག་པོ་སྤྱོད་པ་དང་སེམས་ནུས་གཅིག་སྒྲིལ་གྱིས“རིམས་ནད་མེད་པ”དེ་ས་ཚིགས་ནས་ཡུག་གཅིག་དང་ཡུག་གཅིག་ནས་ཁྱོན་ལ་ཁྱབ་པར་བྱས་ཏེ་རིམས་འགོག་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།