ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་ལྔ་པ་འཆར་ལ་ཉེ་བའི་མཚམས་ཀྱི་ཟླ་8ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སུ་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བཞིན་པ།
◆ རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་མངོན་པ་དང་སྨན་པའི་ཀུན་སྤྱོད་བཟང་པོ་དར་སྤེལ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་སྐྱོབ་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས།
ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་ལྔ་པ་འཆར་ལ་ཉེ་བའི་མཚམས་ཀྱི་ཟླ་8ཚེས་19ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་སུ་ཕེབས་ཏེ། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཝང་ཅུན་ཀྲེང་གིས་རྒྱ་ཆེའི་སྨན་དོན་མི་སྣས་བཀའ་འབྱོར་འཕྲལ་སྒྲུབ་དང་གོས་དཀར་འཐབ་ཆས་ཡོངས་སུ་སྤྲས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚེ་སྲོག་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ཡོད། སླད་ཕྱིན་རྒྱ་ཆེའི་སྨན་དོན་མི་སྣས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་པ་དང་། རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེ་མངོན་པར་བྱེད་པ། སྨན་པའི་ཀུན་སྤྱོད་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྨན་དོན་མི་སྣའི་འགན་འཁྲི་དང་ལས་འགན་གསལ་འགྲེལ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་ཡུས་ཞུའེ་ཅུན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཡུང་ཆི་དང་། ཟླ་བ་ཚེ་རིང་། ལུའོ་མེ་བཅས་གཟིགས་པར་ལྷན་དུ་ཕེབས་ཡོད་པ་རེད།
རང་སྐྱོང་ལྗོངས་རིམ་པའི་ཏོག་གསར་གློ་ཚད་ཀྱི་དམིགས་བཙུགས་སྐྱོབ་བཅོས་སྨན་ཁང་ཡིན་པའི་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པས“གཅིག་སྡུད་བཞིའི”རྩ་དོན་གཞིར་བཟུང་སྨན་བཅོས་སྐྱོབ་བཅོས་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྤེལ་བཞིན་ཡོད། ཝང་ཅུན་ཀྲེང་གིས་དེ་གར་ཕེབས་ཏེ་སྨན་དོན་མི་སྣར་བྱམས་བརྩེའི་ངང་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་དང་། ནད་པ་སྨན་བཅོས་དང་། ནད་རྟགས་མངོན་ཚུལ། ཚན་ཞིབ་འགག་སྒྲོལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་ཚང་མར་རྒྱལ་ཁབ་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་གཞིར་བཟུང་། སྨན་བཅོས་སྐྱོབ་བཅོས་ཀྱི་ལས་དོན་ལ་སྔར་བས་དམ་འཛིན་ཡག་པོ་བྱས་ཏེ་ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱེད་དགོས་པ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དངོས་འཐབ་དང་ཉེར་སྤྱོད་གཉིས་ཕྱོགས་སྟོན་དུ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་མགྱོགས་པོ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ཕྱོགས་མང་པོས་རྒྱབ་སྐྱོར་བྱེད་དགོས་པའི་བླང་བྱ་ཡང་བཏོན་གནང་བ་རེད། མིག་སྔར་ནད་པའི་ནད་གཞི་སྨན་བཅོས་ཡག་པོ་དང་ནད་པའི་སེམས་པ་ལྷོད་ལ་བབས་པ་མཁྱེན་སྐབས་ཝང་ཅུན་ཀྲེང་གིས་རྒྱ་ཆེའི་སྨན་དོན་མི་སྣ་བརྒྱུད་ཁོང་ཚོར་ཡིད་ཆེས་བརྟན་དུ་བཏང་ནས་ནད་གཞི་ལས་རྣམ་པར་རྒྱལ་ཏེ་སྔ་ཙམ་དྲག་སྐྱེད་ཡོང་བའི་བརྩོན་ལེན་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་མི་སྣས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ཉིང་སྐྱུར་བརྟག་དཔྱད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་རེད། “ཁྱེད་ཚོ་དཀའ་ལས་ཁག་སོང་། ངེས་པར་དུ་གཟུགས་པོར་བདག་གཅེས་ཡག་པོ་བྱེད་རོགས” ཝང་ཅུན་ཀྲེང་གིས་རིམས་ནད་བྱུང་རིང་གི་ཚང་མའི་རྣམ་འགྱུར་བཟང་པོར་ཐུགས་རྗེ་ཆེ་ཞུས་པ་རེད།
འཚམས་འདྲི་གནང་རིང་། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། རིམས་འགོག་གི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣ་ཡོངས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། བོད་ཀྱི་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱེད་མཁན་རྒྱ་ཆེའི་སྨན་དོན་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། རྒྱ་ཆེའི་སྨན་དོན་མི་སྣས་ཧུར་བརྩོན་ཆེན་པོས་རིགས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་བསྐྱོད་ཅིང་། ཞུམ་མེད་གདོང་མཆོང་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། དཔའ་ངར་ཆེན་པོས་དུས་ཚོད་དང་འགྲན་བསྡུར་དང་ནད་དུག་དང་འཐབ་རྩོད་བྱས་ནས། རང་སྲོག་བློས་གཏོང་གིས་འགན་འཁྲི་ལེགས་པར་སྒྲུབ་ལུགས་བཀོད་པ་དང་། ནད་དུག་ལ་འགོག་རྒོལ་གྱི་ལྕགས་དང་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་བསྐྲུན་པ། ཚེ་སྲོག་གོང་བཀུར་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་ཧུར་འབུལ། བརྩེ་སེམས་ཟབ་འཆང་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་མངོན་པར་བྱས་ཡོད་ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བས། རྒྱ་ཆེའི་སྨན་དོན་མི་སྣས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱུན་སྲིང་ལྷོད་མེད་དང་ཚན་རིག་དང་མཐུན་ལ་གནད་སྨིན་ངང་དམ་འཛིན་བྱས་ནས། མི་དམངས་མང་ཚོགས་ཆེད་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་ཏན་ཏིག་གཏོང་དགོས། སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིགས་དབྱེ་ཉར་བཅོས་མཐའ་འཁྱོངས་བྱེད་པ། སྨན་ཁང་ཕན་ཚུན་སྒྱུར་བ། ཐབས་བརྒྱ་ཇུས་སྟོང་ངང་ནད་པར་སྨན་བཅོས་བཅས་བྱས་ནས་ནད་པ་སྔར་བས་མང་བ་སྔ་ཙམ་དྲག་སྐྱེད་ཐུབ་པའི་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཡུས་ཞུའེ་ཅུན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་ཚབ་ཞུས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་འབད་འཐབ་བྱེད་བཞིན་པའི་སྨན་དོན་མི་སྣ་ཡོངས་ལ་ཟོལ་མེད་ཀྱི་འཚམས་འདྲི་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཆེས་འགག་རྩའི་དུས་སུ་རྒྱ་ཆེའི་སྨན་དོན་མི་སྣས་རིམས་འགོག་གི་སྙིང་སྟོབས་རླབས་པོ་ཆེའི་ཁྲོད་ནས་འབད་འབུངས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། མི་དམངས་ལ་བློ་དཀར་སེམས་དཀར་དང་ཚེ་སྲོག་གོང་དུ་བཀུར་ནས་རིམས་འགོག་གི་འཐབ་ས་དང་པོར་ཉིན་མཚན་མེད་པར་འབད་འཐབ་བྱས་ནས་དཀའ་སྤྱད་འབད་བརྩོན་དང་སེམས་ནུས་ཡོད་རྒུ་བཏོན་ཡོད་ཅེས་གསུངས་པ་དང་། རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་རྟག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་པ་དང་། ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་ཕོད་པ་བཅས་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་དང་། རིམས་ནད་རིག་པའི་བརྟག་དཔྱད་ཁུངས་འདེད། སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ཁྲོད་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། རིམས་འགོག་ལས་དོན་དེ་བས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བ་ཞིག་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་དང་། སླད་ཕྱིན་རྒྱ་ཆེའི་སྨན་དོན་མི་སྣས་འགན་འཁྲི་ཕྲག་ཏུ་ཁུར་ནས་ཡང་འབད་བསྐྱར་འབད་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཆེད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་མཁན་ཞིག་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་མ་ཟད། ཁོང་གིས་ད་དུང་སྨན་དོན་མི་སྣར་རང་ངོས་ཀྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་། ཚན་རིག་དང་མཐུན་པའི་ངང་ངལ་གསོ་རེས་མོས་རྒྱག་པ། རྣམ་འགྱུར་ཡག་པོའི་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཞུགས་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ཡག་པོ་རྒྱག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་བཀའ་མངགས་ཀྱང་གནང་བ་རེད།