ཚེས་17དང་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ཕེབས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་ཉིང་ཁྲི་གྲོང་ཁྱེར་དུ་སྐྱོད་པའི་ལས་དོན་ཚོགས་ཆུང་དང་ཆེད་དོན་ཚོགས་འདུ་འཚོགས་ནས་སྡེ་ཁུལ་གྱི་དོ་དམ་ཚོད་འཛིན་དང་། སྒྲོམ་ཚང་སྨན་ཁང་སྐྲུན་པ། དམིགས་བཙུགས་སྨན་ཁང་གི་སྐྱོབ་བཅོས་སོགས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་རེད།
ཆེད་དོན་ཚོགས་འདུའི་ཐོག ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་སྐྱུར་དབྱེ་བཤེར་དང་རིམས་དཔྱད་ཁུངས་འདེད་སོགས་ཀྱི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་ཉིང་ཁྲི་གྲོང་ཁྱེར་དུ་སྐྱོད་མཁན་ལས་དོན་ཚོགས་ཆུང་གིས་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཏོན་པ་རེད། ཀྲོང་ཡན་གྱིས་རིམ་ཉུང་དོ་དམ་གྱི་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དུས་ཚོད་བརྩོན་ལེན་དང་། ལས་ཕྱོད་ཆེ་རུ། ཞན་ཆ་སེལ་བ། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གཏོང་བཅས་ཧུར་ཐག་བྱེད་པ་དང་། རིམས་ནད་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། འགན་འཁྲི་ཞིབ་ཕྲ་ཅན་དང་གྲངས་གཞི་གནད་འཁེལ་ཅན་མཐའ་འཁྱོངས་ཀྱིས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཉིང་སྐྱུར་དཔེ་ལེན་དང་བརྟག་དཔྱད་ཀྱི་ནུས་པ་སྔོག་འདོན་བྱས་ཏེ། ལྷུ་ཚིགས་ཁག་སྦྲེལ་མཐུད་བདེ་བླག་ཡོང་བ་དང་ཞིབ་དཔྱད་བྱས་འབྲས་བདེན་པ་དང་། གྲངས་གཞི་འཕྱུགས་མེད། མགྱོགས་མྱུར་དུས་ཐོག་བཅས་ཡོང་བའི་འགན་ལེན་བྱེད་དགོས། མི་སྣའི་སྟོབས་ཤུགས་ཆེ་རུ་བཏང་ནས་རིམས་དཔྱད་ཁུངས་འདེད་ཀྱི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ལས་གནས་ཀྱི་འགན་འཁྲི་དང་མི་སྣའི་འགན་འཁྲི་ནན་དུ་བཏང་སྟེ་དམག་འཁྲུག་སྐབས་ཀྱི་སེམས་ཤུགས་ཆེན་པོ་དང་། དམག་འཁྲུག་སྐབས་ཀྱི་རང་འགན་ཐེག་པ་འཁུར་ལེན། དམག་འཁྲུག་སྐབས་ཀྱི་སྒྲིག་ཁྲིམས་དམ་ནན་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་བརྟན་དུ་དང་གོམ་སྟབས་གཅིག་གྱུར་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་དང་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་བླངས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།