ཝང་ཅུན་ཀྲེང་གིས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ།
རིགས་དབྱེ་མཛུབ་ཁྲིད་དང་། གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བྱས་ནས་རིམས་ནད་གང་མགྱོགས་ཚོད་འཛིན་བྱེད་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིན་གསུམ་བསྟུད་མར་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་དང་། ལྟ་སྐུལ་མཛུབ་ཁྲིད་བཅས་གནང་བར་ཕེབས་ཡོད། ཚེས་16ཉིན་གྱི་སྔ་དྲོ་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྷ་སའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་དང་། ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གཙོ་གནད་མངོན་གསལ་དོད་པ། སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། རིགས་དབྱེ་ཁྲིད་སྟོན། གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ་རིམས་ནད་གང་མགྱོགས་ཚོད་འཛིན་བྱས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁྲེན་ཡུང་ཆི་དང་། ལིའུ་ཅང་། ཝང་ཝེ་ཏུང་། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལུའོ་མེ། ཀྲང་ཧུང་པོ་བཅས་དང་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཞུགས་ཡོད་པ་རེད།
ལྷ་ས་གྲོང་ཁྱེར་དུ་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་དང་བཀོད་སྒྲིག་གི་ཞིབ་ཕྲའི་ལས་དོན་ལ་དམིགས་ཏེ་ཝང་ཅུན་ཀྲེང་གིས་དོན་ཚན་ཁག་གི་དག་ཐེར་གནས་ཚུལ་དང་དོན་འཁྱོལ་གྱི་འཕེལ་རིམ་བཀའ་འདྲི་ཞིབ་ཕྲ་གནང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་ཞིབ་ཕྲའི་ཐག་གཅོད་བྱེད་ཐབས་ཞིབ་འཇུག་དང་གཏན་འཁེལ་གནང་བ་རེད། ཁོང་གིས་གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་འགན་འཁུར་ཕོད་པའི་ལས་ཀ་བྱེད་པ་དང་། གནད་དོན་ལ་གཏུགས་ཕོད་པ་བྱས་ནས་རིམས་འགོག་དམག་འཐབ་ཁྲོད་ཧེ་བག་འཚོལ་བ་དང་། སྐྱོན་ཆ་སེལ་བ། སྦྱོང་བརྡར་དང་ལག་ལེན་ཁྲོད་དུ་སྤྱོད་ཚུལ་དང་འཇོན་ཐང་ལ་ཞིབ་བཤེར་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པ་དང་། རིམས་ནད་ཀྱི་ཉེན་ཁའི་རིམ་པ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་བ། ཁུལ་དབྱེ་རིམ་དབྱེའི་སྒོ་ནས་གནད་སྨིན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་ས་ཁོངས་ལ་དམིགས་པ་བཅས་བྱས་ནས་སྤྱི་ཚོགས་ཐོག་གཙང་བཟོའི་དམིགས་ཚད་གང་མགྱོགས་མངོན་འགྱུར་ཡོང་བར་བྱེད་དགོས། ཉིང་སྐྱུར་བརྟག་དཔྱད་ཀྱི་ལས་ཕྱོད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བྱེད་ཐབས་སྣ་ཚོགས་སྤྱད་ནས། ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་དང་བརྟག་དཔྱད་བརྒྱུད་སྐྱེལ་དང་ལོགས་འཇོག་གི་མྱུར་ཚད་མགྱོགས་སུ་བཏང་སྟེ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་ནས་ཉེན་ཁ་ཡོད་པའི་མི་སྣ་ལོགས་འཇོག་བྱེད་དགོས་རིགས་ཚང་མ་ལོགས་འཇོག་བྱེད་དགོས། སྤྱི་ཚོགས་ཀྱི་དོ་དམ་ཚོད་འཛིན་ལག་བསྟར་ནན་པོ་བྱས་ནས་དྲ་མིག་ཅན་གྱི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིམས་ནད་སྔོན་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་མཐའ་གཅིག་ཏུ་བསྐྲུན་པ། མི་སྣ་འགྲོ་འོང་བྱེད་ཚད་སྔར་བས་ཉུང་དུ་གཏོང་བ། ཕན་ཚུན་དབར་འགོ་བའི་ཉེན་ཁ་ཆུང་དུ་གཏོང་བ་བཅས་བྱེད་དགོས། དེང་རབས་ཀྱི་ཚན་རིག་ལག་རྩལ་གྱི་བྱེད་ཐབས་སྤྱོད་པ་དང་། ཚན་རིག་དང་མཐུན་པའི་གནད་སྨིན་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ལག་ལེན་བསྟར་བ། རིམས་ནད་རིག་པའི་བརྟག་དཔྱད་ཁུངས་འདེད་ཀྱི་ལས་དོན་ཡག་པོ་སྤེལ་བ་བཅས་བྱས་ཏེ། གཏན་འཁེལ་ནད་དཔེ་དང་རྟགས་མེད་ནད་དུག་འགོས་པར་ཕྱོགས་ཡོངས་ནས་རྗེས་སྙེག་ཁུངས་འདེད་བྱས་ནས་འགུལ་སྐྱོད་གནས་ཚུལ་ཞིབ་ཕྲ་གསལ་རྟོགས་བྱེད་པ་དང་ཕྱོགས་ཡོངས་ནས་འབྲེལ་འདྲིས་དམ་ཟབ་ཡོད་མཁན་དང་གཞན་བརྒྱུད་འབྲེལ་འདྲིས་ཡོད་མཁན་ཚོད་འཛིན་ནན་པོ་བྱས་ཏེ་རིམས་ནད་མཆེད་ལམ་འགོག་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་དོན་གྲུབ་སྟངས་ལེགས་སུ་བཏང་སྟེ་སེམས་ནུས་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས། རིམས་འགོག་དངོས་ཟོག་དང་གནས་ཡུལ་འགན་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་རྫས་མཁོ་སྤྲོད་དང་གསོག་འཇོག་ལ་ཤུགས་སྣོན་རྒྱག་པ་དང་། དངོས་ཟོག་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། སྡེབ་སྐྱེལ་གྱི་བརྒྱུད་རིམ་ལེགས་སུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དངོས་ཟོག་སྡེབ་སྐྱེལ་གྱི་འབྲེལ་ཐག་ཤར་གཏོང་ཡོང་བ། ཟོག་འགྲེམས་ཀྱི་འགག་གནད་སེལ་བ་བཅས་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་ལས་དོན་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ཡག་པོ་སྐོང་དགོས། ལོགས་འཇོག་ས་ཚིགས་དང་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དམིགས་འཛུགས་སྨན་ཁང་མང་དུ་གཏོང་བ། མི་རེར་ཇུས་གཞི་རེའི་སྨན་བཅོས་དང་དོ་དམ་ལག་ལེན་བསྟར་བ་བཅས་བྱས་ཏེ་སྐྱོབ་བཅོས་གང་ཐུབ་བྱས་ནས་སྔ་ཙམ་དྲག་སྐྱེད་ཡོང་བའི་འགན་ལེན་བྱེད་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་ལེན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་གནད་སྨིན་ཁོང་དུ་ཆུད་པ། མང་ཚོགས་ཀྱི་རེ་ཞུར་དུས་ཐོག་ཏུ་ལན་འདེབས་པ། མི་གཤིས་ཅན་གྱི་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་ཡག་པོ་བྱེད་པ་དང་བསམ་བློའི་སློབ་གསོ་ཡག་པོ་གཏོང་དགོས། ལྷག་དོན་དུ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དོ་ཁུར་བྱས་ནས་ཆ་འཕྲིན་དུས་ཐོག་ཏུ་རྗེས་སྙེག་དང་། སྐྱོབ་བཅོས་བྱ་ཡུལ་ལ་དུས་ཐོག་ཏུ་རོགས་སྐྱོབ། ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་བཅས་ཀྱི་འགན་ལེན་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། བོད་དུ་ལུས་པའི་ཡུལ་སྐོར་བར་ཞབས་ཞུ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཡུལ་སྐོར་བའི་བསམ་ཚུལ་ཉན་པ་དང་དགོས་མཁོ་ཤེས་རྟོགས་ཞིབ་ཚགས་ཐུབ་པ་བྱས་ནས་བོད་དུ་ལུས་པའི་ཡུལ་སྐོར་བའི་རེ་ཞུ་དང་ལེན་ཧུར་ཐག་དང་ཐག་གཅོད་འོས་འཚམ་བྱེད་པའི་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི་བླང་བྱ་ལྟར། བོད་ནས་ཐོན་པའི་འགག་སྒོ་ནན་པོ་སྲུང་བ་དང་བོད་ནས་ཐོན་མཁན་ཡིན་ཕྱིན“ཉིན་གསུམ་ནང་ཉིང་སྐྱུར་བརྟག་དཔྱད་ཐེངས་གཉིས”སྲིབས་གཤིས་ཡིན་པའི་དཔང་ཡིག་དགོས་པའི་རྨང་གཞིའི་ཐོག གནམ་གྲུ་ཐང་དང་རླངས་འཁོར་བབས་ཚུགས་སོགས་སུ་ནད་འགོག་གཞི་རྐྱེན་བརྟག་དཔྱད་བྱས་ཏེ་རིམས་ནད་ཕྱི་ལ་མི་མཆེད་པའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གཤམ་སྐྱོད་ལས་བྱེད་པ་དང་། སྡེ་ཁུལ་གྱི་ལས་དོན་མི་སྣ། དང་བླངས་པ་བཅས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་ཏེ་དོ་དམ་དང་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྟོབས་ཆེའི་རྩ་འཛུགས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་རིམས་འགོག་གི་སྒུལ་ནུས་ཆེན་པོར་འགྱུར་བར་བྱེད་དགོས། སྤྱོད་ཚུལ་ལེགས་སུ་ཏན་ཏིག་གཏོང་བ་དང་། འགན་འཁྲི་ནན་དུ་གཏོང་བ། དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཀྱི་སྣང་ཚུལ་མི་ཐོན་པ། འཐབ་ས་དང་པོར་བསྐྱོད་ནས་བཀོད་འདོམས་བྱེད་པ། སྒྲིག་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ནས་ལས་དོན་ཁག་དང་ལྷུ་ཚིགས་ཁག་ཏན་ཏིག་དང་ཞིབ་ཚགས་ངང་སྒྲུབ་དགོས། རྒྱ་ཆེའི་ལས་བྱེད་པ་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་རྒྱུར་སྔར་བས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ། གཞི་རིམ་གྱི་གནས་ཚུལ་མཐིལ་རྟོགས་ཞིབ་ཚགས་བྱེད་པ་དང་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་ཐབས་ཇུས་བཀོད་སྒྲིག་ཁག་གཞི་རིམ་གྱི་དངོས་ཡོད་བྱ་སྤྱོད་དུ་ཏན་ཏིག་འགྱུར་བར་བྱེད་དགོས། བྱ་དགའ་ཆད་གཅོད་ཀྱི་ལམ་ལུགས་ནན་དུ་གཏོང་བ་དང་། དམག་རྒྱག་སྐབས་ཀྱི་རྣམ་པ་རྒྱུན་འཁྱོངས། དམག་རྒྱག་སྐབས་ཀྱི་སྒྲིག་ཁྲིམས་ལག་བསྟར་བཅས་བྱས་ཏེ། ལས་དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་འགོ་ཁྲིད་ལས་བྱེད་པའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་བཤེར་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ལས་ཀའི་རྣམ་འགྱུར་ལེགས་པའི་ལས་བྱེད་པ་བློ་ཁོག་ཆེན་པོས་གནས་སྤོར་བཀོལ་སྤྱོད་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁྲོད་འགན་འཁྲི་ཡག་པོ་མི་སྒྲུབ་མཁན་དུས་ཐོག་ཏུ་ལེགས་སྒྲིག་བྱེད་པ། འགན་འཛོལ་ཤོར་རིགས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱེད་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་རིམས་ནད་སྔོན་འགོག་དང་རིམས་ནད་སྔོན་འགོག་གི་འཐབ་ས་དང་པོའི་མི་སེམས་འགུལ་བའི་བྱས་རྗེས་གསོན་ཉམས་དོད་པོས་བརྗོད་དེ་ཡིད་ཆེས་ཆེ་རུ་གཏོང་བ་དང་། མི་སེམས་ལ་དྲོ་སྐྱིད་སྟེར་བ། དམངས་སེམས་གཅིག་ཏུ་འགྲིལ་བ་བཅས་བྱས་ནས་ཀུན་སེམས་གཅིག་སྒྲིལ་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣