ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། ཚེས་16དང་ཚེས་17ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཙོ་གནད་མི་ཚོགས་དང་གཙོ་གནད་ས་ཁོངས་ལ་དམིགས་ནས་གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་འཐབ་ས་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།
“ངའི་ཚབ་བྱས་ཏེ་ཕྲུ་གུ་ཚོར་འཚམས་འདྲི་ཞུ་རོགས”གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་ཡན་ཅིན་ཧའེ་ཡིས་སྒོ་ཁ་ནས་འཐབ་ས་དང་པོའི་རིམས་འགོག་མི་སྣ་དང་སྤེལ་རེས་གནང་སྟེ་རིམས་འགོག་བྱ་ཐབས་ཁག་དོན་འཁྱོལ་གང་འདྲ་བྱུང་ཡོད་མེད་དང་ཕྲུ་གུ་ཚོའི་འཚོ་བའི་འགན་ལེན་གང་འདྲ་ཡོད་མེད་བཀའ་འདྲི་གནང་བ་རེད། ཕན་བདེ་ཁང་གི་བཀག་སྡོམ་རྣམ་པའི་དོ་དམ་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནན་པོ་ཡོད་པ་གཟིགས་སྐབས་ཡན་ཅིན་ཧའེ་ཡིས་མུ་མཐུད་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། ཏན་ཏིག ཞིབ་ཚགས་བཅས་བྱས་ཏེ་ཕྲུ་གུ་ཚོར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་འགྲེལ་བཤད་བརྒྱབ་ནས་ཕྲུ་གུ་ཚོར་ཐུན་མོང་ཐོག“རིམས་འགོག་གྱང”བརྟན་པོ་ཞིག་སྐྲུན་དགོས་པའི་མངགས་བཅོལ་ཡང་ཡང་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསམ་གྲུབ་རྩེ་ཆུས་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སུ་རིམས་འགོག་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་དེ་བཞིན་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཉིང་སྐྱུར་བརྟག་དཔྱད་ཀྱི་གནས་ཚུལ་དང་། འཚོ་བའི་གནས་ཚུལ། སེམས་ཁམས་ཀྱི་གནས་ཚུལ་བཅས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
དངོས་ཟོག་གྲབས་གསོག་མཛོད་དུ་ལས་དོན་མི་སྣས་རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་ཟོག་རླངས་འཁོར་ནང་བླུགས་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད། ཡན་ཅིན་ཧའེ་ཡིས་མཛོད་ཁང་དང་ཟོག་འགྲེམས་གླིང་མང་པོར་གཟིགས་ཞིབ་གནང་ནས་དངོས་ཟོག་མཛོད་ཉར་དང་། ཉོ་སྒྲུབ། སྐྱེལ་འདྲེན། མཁོ་སྤྲོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ལས་དོན་མི་སྣས། རིགས་ཁག་གི་དངོས་ཟོག་འདང་ངེས་ཡོད་པས་མཁོ་སྤྲོད་ཆད་པའི་སྣང་ཚུལ་ཐོན་མེད། དེ་དང་ཆབས་ཅིག་ཚོང་དུད་མང་པོ་ཞིག་གིས་རང་འགུལ་ངང་དངུལ་དང་དངོས་ཟོག་ཞལ་འདེབས་བརྒྱབ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱས་ནས་རིམས་འགོག་ནང་ཧུར་ཐག་ཞུགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཡན་ཅིན་ཧའེ་ཡིས་ད་དུང་གྲོང་གསེབ་ཀྱི་སྔོན་འགོག་དང་ཚོད་འཛིན་ས་ཚིགས་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྐབས་བསྟུན་བཅར་འདྲི་གནང་ནས་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་འགན་ལེན་བྱས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་ངང་རིམས་ནད་ལ་འགོག་རྒོལ་བྱེད་བཞིན་ཡོད་པས་ངེས་པར་དུ་ཟོག་འགྲེམས་ཤར་གཏོང་འགན་ལེན་བྱས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རིམས་འགོག་དངོས་ཟོག་དང་འཚོ་བའི་དངོས་ཟོག་གི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱས་ཏེ། ཚད་ལྡན་དང་། ཞིབ་ཚགས། ཤ་ཚ་བཅས་ཀྱི་ཞབས་ཞུ་བྱས་ནས་ཚང་མ་བློ་བདེ་པོ་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་བསམ་གྲུབ་རྩེ་ཆུས་དང་རྣམ་གླིང་རྫོང་དུ་ཕེབས་ནས་ཉིང་སྐྱུར་མ་དཔེ་ལེན་མཁན་ལས་དོན་མི་སྣ་དང་སྨན་དོན་ལས་དོན་མི་སྣར་འཚམས་འདྲི་གནང་ནས་ཚང་མར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་ཤིང་། ཁོང་གིས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་སྟོབས་ཤུགས་སྔར་བས་ཆེ་རུ་བཏང་སྟེ་སྨན་བཅོས་ཐོན་ཁུངས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒན་རྒོན་དང་། བྱིས་པ། སྦྲུམ་མ་སོགས་དམིགས་བསལ་ཚོགས་སྤྱིའི་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ཏེ་ཆེད་སྤྱོད་བགྲོད་ལམ་བཟོ་བ་དང་། ཆེད་སྤྱོད་རླངས་འཁོར་བཀོད་སྒྲིག ཆེད་དོན་ལས་དོན་མི་སྣ་བཀོད་སྒྲིག་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།