དབུ་ཤོག>སྲིད་དོན།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གིས་ལྷ་ས་གྲོང་ཁྱེར་གྱི་རིམས་འགོག་འཐབ་ས་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-18

    ཟླ་8ཚེས་14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་གི་བོད་ཀྱི་ལས་དོན་ཚོགས་ཆུང་གི་ཙུའུ་ཀྲང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་རུ་སྣེ་ཁྲིད་དེ་ལྷ་སའི་རིམས་འགོག་གི་འཐབ་ས་དང་པོར་བསྐྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་ས་ཆ་དངོས་སུ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་། གོམ་སྟབས་རྗེས་མའི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་གྲོས་བསྡུར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་དང་མོང་ཞའོ་ལིན་བཅས་མཉམ་དུ་ཞུགས་ཡོད་པ་རེད།

    ཡུས་ཞུའེ་ཅུན་དང་བཅས་པ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་དང་། སྤྱི་བདེ་ཅུས། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་བཅས་སུ་ཕེབས་ནས་རིམས་ནད་རིག་པའི་བརྟག་དཔྱད་ཁུངས་འདེད་དང་། ཉིང་སྐྱུར་བརྟག་དཔྱད། སྡེ་ཁུལ་གྱི་སྔོན་འགོག་དང་ཚོད་འཛིན། སློབ་གྲྭའི་རིམས་འགོག སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་ལས་དོན་ལ་ས་ཆ་དངོས་སུ་ཞིབ་བཤེར་དང་ཆེད་ལས་ཀྱི་མཛུབ་ཁྲིད་གནང་སྟེ། ཆེད་ལས་སྨན་བཅོས་སྟོབས་ཤུགས་མི་འདང་བ་སོགས་ཀྱི་དངོས་ཡོད་དཀའ་ངལ་མཐུན་སྦྱོར་གྱིས་ཐག་གཅོད་བྱེད་རོགས་གནང་བ་དང་རིམས་འགོག་གི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་པའི་ལས་དོན་མི་སྣར་གཟིགས་པ་རེད། རང་ལྗོངས་ཀྱིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་འགོག་རྒོལ་ལ་འབད་འཐབ་བྱས་པར་ཁས་ལེན་གནང་བ་རེད།

    ཡུས་ཞུའེ་ཅུན་གྱིས་བོད་དུ་ཏོག་གསར་རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་འཕྲལ་མར་ལས་དོན་ཚོགས་ཆུང་བོད་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད། དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་མཚོན་ཡོད། དེང་སྐབས་རིམས་ནད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ་ཞིག་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དམ་པོར་བཟུང་བ་དང་། ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་དོར་བ། རྒྱལ་ཁ་ཐོབ་ངེས་ཡིན་པའི་ཡིད་ཆེས་ཆེ་རུ་གཏོང་བ། ངལ་བར་མི་འཛེམས་པར་མདུན་དུ་སྐྱོད་པ། དུས་ཚོད་དམ་འཛིན་གྱིས་ནད་དུག་དང་འཐབ་པ། ལྷོད་གཡེང་སྤུ་ཙམ་མེད་པ་དང་ཏན་ཏིག་གོ་རིམ་ལྡན་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆི་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་སྐབས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། ཀྲུའུ་ཞི་ཡན་ཅིན་ཧའེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་ལས་དོན་ཚོགས་ཆུང་དང་བཅས་པས་ཆེད་ལས་མཛུབ་ཁྲིད་དང་སྒེར་སེམས་མེད་པར་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལས་དོན་ཚོགས་ཆུང་གིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཆེད་ལས་དང་། མི་སྣ། སྒྲིག་ཆས། ཉམས་མྱོང་སོགས་ཕྱོགས་ཡོངས་ནས་རྒྱབ་སྐྱོར་གནང་བས་རང་ལྗོངས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡིད་ཆེས་ཆེ་རུ་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་ཅེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།