ཚེས་16ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་རྣམ་པའི་ཐོག་ནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ལྐོག་ཞིབ་གནང་བ་རེད།
ཀྲོང་ཡན་གྱིས་སྐབས་དང་བསྟུན་ནས་འཚོ་བའི་དངོས་ཟོག་མཁོ་སྤྲོད་བྱ་ཡུལ་དུ་ཕེབས་ཏེ་སྒོ་རྩིས་ཚོང་ཁང་གི་དངོས་ཟོག་གི་སྣེ་ཁ་དང་། རིན་གོང་། སྡེབ་སྐྱེལ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་གྲོང་མིའི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཡག་པོ་བྱས་ཏེ་མང་ཚོགས་བློ་བདེ་པོའི་ངང་ཁྱིམ་དུ་བསྡད་ནས་རིམས་ནད་འགོག་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
བོད་ལྗོངས་ཞིང་ལས་སློབ་གླིང་དུ་ཕེབས་སྐབས་སློབ་གྲྭས་གདུབ་ཟུམ་དོ་དམ་དང་། དྲ་ཐོག་སློབ་ཁྲིད། ཟུར་ཁྲིད་པས་སློབ་མར་སེམས་ཁམས་བློ་འདྲིའི་ཞབས་ཞུ་བཀོད་སྒྲིག་བྱས་ཚུལ་མཁྱེན་རྗེས། ཀྲོང་ཡན་གྱིས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ཆེར་སྐྱེད་བྱ་རྒྱུ་མཐའ་འཁྱོངས་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་དགེ་སློབ་ཚོའི་བདེ་འཇགས་ལ་གནས་ཚུལ་གང་ཡང་མི་ཐོན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཀྲོང་ཡན་དང་བཅས་པ་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་ཝང་ཅང་མགྲོན་ཁང་གི་ཉིང་སྐྱུར་དཔེ་ལེན་ས་ཚིགས་སུ་ཕེབས་ཏེ། ས་གནས་ས་ཐོག་གི་ཉིང་སྐྱུར་དཔེ་ལེན་སྒྲིག་འཛུགས་དང་སྒྲིག་ལམ་སྲུང་སྐྱོང་སོགས་ལ་གཟིགས་ཤིང་། ཁོང་གིས་མི་ཚང་མར་ཉིང་སྐྱུར་བརྟག་དཔྱད་བྱ་རྒྱུ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དམག་འཐབ་ཅིག་ཡིན་པས་སྡེ་ཁུལ་གྱི་ལས་དོན་པས་སྒྲིག་འཛུགས་ཞིབ་ཚགས་དང་བཀོལ་སྤྱོད་ཚད་ལྡན་ཡོང་བར་བྱས་ཏེ་གནད་སྨིན་དོན་འཁྱོལ་གྱི་འཇོན་ཐང་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས་པའི་བླང་བྱ་བཏོན་གནང་ཡོད།
ཀྲོང་ཡན་གྱིས་ད་དུང་ཉིང་ཁྲིར་རོགས་སྐྱོར་བྱེད་མཁན་ཀོང་ཏུང་གི་རིམས་འགོག་སྨན་བཅོས་རུ་ཁག་དང་ཉིང་ཁྲི་གྲོང་ཁྱེར་གྱི་རིམས་ནད་དུས་བབ་སྐོར་གྲོས་མོལ་མཐའ་དཔྱོད་གནང་ཞིང་། ཁོང་གིས་སྨན་བཅོས་རུ་ཁག་གི་ཤེས་ལྡན་པ་དང་། ལག་རྩལ། ཉམས་མྱོང་བཅས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཚན་རིག་ལ་གོང་བཀུར་དང་། ཆོས་ཉིད་ལ་བརྩི་སྲུང་ཞུ་བ། བརྡ་ལན་འཕྲལ་མར་སྤྲོད་པ། མཐུན་སྦྱོར་ནུས་ལྡན་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།