ཚེས་14ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དངོས་ཟོག་འགན་ལེན་སོགས་ཀྱི་ལས་དོན་ལ་སྐབས་བསྟུན་ཞིབ་བཤེར་གནང་བ་རེད།
སྐལ་བཟང་མེ་ཏོག་ལྡུམ་རའི་ཞིབ་བཤེར་ས་ཚིགས་སུ་ཕེབས་མ་ཐག་ཡན་ཅིན་ཧའེ་ཡིས“ད་ཆ་སྡེ་ཁུལ་ཡོངས་ལ་ལྟ་འདོམས་བྱེད་ཐབས་གང་ཞིག་སྤྱོད་ཀྱི་ཡོད་དམ། མང་ཚོགས་ཀྱི་འཚོ་བ་འགན་སྲུང་གང་འདྲ་བྱེད་ཀྱི་ཡོད་དམ”ཞེས་སྡེ་ཁུལ་གྱི་དོ་དམ་དང་། མང་ཚོགས་ཀྱི་འཚོ་བ་འགན་ལེན། ལོགས་འཇོག་བྱེད་ཐབས་དོན་འཁྱོལ་བཅས་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་གཙོ་གནད་ལ་དམ་པོར་དམིགས་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱེད་པ། ཉེན་ཁ་ཆེ་འབྲིང་ཁུལ་གྱི་དྲ་མིག་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ལས་རེས་བརྟན་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཧ་རེ་ཧུ་རེ་དང“ཕྱི་དམ་ནང་ལྷུག”གི་སྣང་ཚུལ་མི་ཐོན་པ་བྱས་ཏེ་ཉེན་ཁའི་ས་ཚིགས་ལ་དོ་དམ་ནན་པོ་བྱེད་དགོས། ཆ་འཕྲིན་ཤར་གཏོང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་འགག་གནད་བསལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཁོང་གིས་དེ་གར་ཡོད་པའི་རིམས་འགོག་ལས་དོན་པར“ཉེ་དུས་ཚང་མ་ཧ་ཅང་དཀའ་ལས་ཁག་སོང་། ང་ཚོས་སེམས་ནུས་གཅིག་སྒྲིལ་དང་། དཀའ་སྤྱད་སྡུག་རུས། སེམས་ཤུགས་ཡོད་རྒུས་མཐའ་འཁྱོངས་བྱས་ན་རྒྱལ་ཁ་ཐོབ་ངེས་རེད། ཚང་མས་ལྷོད་གཡེང་མི་གཏོང་རང་ངོས་འགོག་སྲུང་ཡག་པོ་བྱེད་རྒྱུའི་རེ་བ་ཡོད”ཅེས་ལྕག་སྐུལ་གནང་བ་རེད།
མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཐད་ཡན་ཅིན་ཧའེ་ཡིས་དོ་ཁུར་ཆེན་པོ་གནང་གི་ཡོད། ཁོང་གིས་ས་ཆ་དངོས་སུ་གྲོང་ཁྱེར་ནུབ་འདབས་ཞིང་ཟོག་ཁྲོམ་རའི་ཁྲོམ་ར་མཁོ་སྤྲོད་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཞིབ་བཤེར་གནང་སྟེ། ཚོང་དུད་ས་ནས་ཁྲོམ་རའི་གདུབ་ཟུམ་དོ་དམ་དང་། ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར། དངོས་ཟོག་མཁོ་སྤྲོད་ཀྱི་ཐབས་ལམ། མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོད་མེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོག་ཞིབ་ཕྲ་གནང་བ་དང་། དེ་གར་ཡོད་པའི་འགན་འཁུར་བར་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ཡག་པོ། གདུབ་ཟུམ་དོ་དམ་ལག་བསྟར་ནན་པོ་བཅས་བྱས་ནས་གཉེར་སྐྱོང་པ་དང་། སྐྱེལ་འདྲེན་མི་སྣ། སྡེབ་སྐྱེལ་མཁན་སོགས་ཀྱི་ཚོགས་སྤྱིར་དམིགས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲ་བ་སྔར་བས་དམ་དུ་གཏོང་དགོས་པའི་བཀའ་མངགས་གནང་བ་རེད། ཁྲོམ་རའི་ནང་ཁུལ་དུ་དངོས་ཟོག་གི་སྣ་ཁ་འབེལ་བ་དང་རིན་གོང་བརྟན་པོ་ཡོད་པ་མ་ཟད་། ཟོག་འགྲེམས་ཀྱི་འཁོར་རྒྱུག་ཤར་གཏོང་ཡང་ཡིན་པ་གཟིགས་རྗེས་ཡན་ཅིན་ཧའེ་ཡིས་ཁས་ལེན་གནང་བ་དང་། ས་གནས་དེ་གའི་སྔོ་ཚལ་དྲོད་ཁང་གི་སྔོ་ཚལ་ཁྲོམ་རར་མཁོ་སྤྲོད་དཀའ་བའི་གནད་དོན་ཡོད་པ་གཟིགས་འཕྲལ་ཁོང་གིས་འཕྲལ་མར་ཞིབ་འཇུག་དང་ཐག་གཅོད་གནང་ནས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་སྲུང་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་བསྟུན་ནས་རྒྱ་ཆེའི་མང་ཚོགས་ཚོས་གཞོགས་འདེགས་ཡག་པོ་བྱས་ཏེ་རང་འགུལ་ངང་སྡོད་གནས་སུ་ཉིང་སྐྱུར་བརྟག་དཔྱད་དང་ལེན་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་མཉམ་འགོག་མཉམ་སྡོམ་བྱེད་བཞིན་ཡོད། ཧའོ་གཡོད་ཟོག་འགྲེམས་ཀུང་སིར་ཡན་ཅིན་ཧའེ་ཡིས་དངོས་ཟོག་ཟོག་འགྲེམས་དང་མི་སྣའི་ཉིང་སྐྱུར་བརྟག་དཔྱད་བྱས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། མང་ཚོགས་སྒྱུ་རྩལ་ཁང་མདུན་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་སར་ཡན་ཅིན་ཧའེ་ཡིས་བརྟག་དཔྱད་ཀྱི་གནས་ཚུལ་ལ་གཟིགས་པ་རེད།