དབུ་ཤོག>སྲིད་དོན།
  • ཤའོ་ཡིའུ་ཚའེ་ཡིས་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་འཚོ་བའི་དངོས་རྫས་འགན་ལེན་དང་མཁོ་སྤྲོད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-08-15

    ཚེས་10ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ལྗོངས་ཐད་གཏོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་བཅས་པའི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་འབྲུ་རིགས་གྲབས་གསོག་མཛོད་དང་། ལྷ་ས་གདོང་དཀར་སྡེབ་ཚོང་ཁྲོམ་ར། བོད་ལྗོངས་ཤིས་ཧའེ་གྲང་ཕྲེང་ཟོག་འགྲེམས་ཚད་ཡོད་ཀུང་སི་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ་ས་གནས་ས་ཐོག་ཏུ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་འབྲུ་དང་། སྣུམ། སྔོ་ཚལ། ཤ་རིགས་སོགས་འཚོ་བའི་དངོས་རྫས་འགན་ལེན་དང་མཁོ་སྤྲོད་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་རང་སྐྱོང་ལྗོངས་འབྲུ་རིགས་གྲབས་གསོག་མཛོད་དུ་འབྲུ་སྣུམ་དངོས་རྫས་གྲབས་གསོག་དང་། དོ་དམ། སྤུས་ཚད་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི་འདུ་ཤེས་མཐའ་འཁྱོངས་ཀྱིས་འབྲུ་སྣུམ་དངོས་རྫས་གྲབས་གསོག་གི་སྣ་ཁ་དང་། གྲངས་འབོར། སྤུས་ཚད། བདེ་འཇགས་བཅས་ཚོད་འཛིན་ནན་པོ་བྱས་ནས་འབྲུ་སྣུམ་དངོས་རྫས་གྲབས་གསོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། དངོས་ཟོག་གྲབས་གསོག་ལ་བབ་བསྟུན་དོ་དམ་དང་། གསལ་ཐོའི་དོ་དམ། ཚན་རིག་དང་མཐུན་པའི་ཚོད་རྩིས་བཅས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་དངོས་ཟོག་གྲབས་གསོག་གི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། འབྲུ་སྣུམ་དངོས་རྫས་དུས་ཐོག་ཏུ་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་དངོས་རྫས་གྲབས་གསོག་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། མི་སྣའི་འགོག་སྲུང་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། གཙང་སྦྲ་འཕྲོད་བསྟེན་དང་དུག་སེལ། འཁོར་རྒྱུག་སྡེབ་སྐྱེལ་སོགས་ལྷུ་ཚིགས་ལ་དོ་དམ་ནན་པོ་བྱས་ནས་གྲབས་གསོག་དངོས་རྫས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྷ་ས་གདོང་དཀར་སྡེབ་ཚོང་ཁྲོམ་ར་དང་བོད་ལྗོངས་ཤིས་ཧའེ་གྲང་ཕྲེང་ཟོག་འགྲེམས་ཀུང་སིར་ཤའོ་ཡིའུ་ཚའེ་ཡིས་ཚོང་ཁང་དང་ཁྲོམ་བཀྱག་ཡོད་སར་ཕེབས་ཏེ། ཚོང་པར་ཚོང་གང་འདྲ་ཡོད་མེད་དང་རིན་གོང་འཕར་ཆག་ཆེན་པོ་ཡོད་མེད་ཐད་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། ཚང་མར་ཁྲོམ་རའི་རྒྱུན་གཏན་གཉེར་སྐྱོང་འགན་ལེན་ཡག་པོ་བྱེད་དགོས་ལ་རང་ངོས་འགོག་སྲུང་དེ་བས་ཀྱང་ཡག་པོ་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།