རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རུ་སྣེ་ཁྲིད་ནས་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་ལས་དོན་འབྲེལ་མཐུད་ཚོགས་འདུ་འཚོགས་པ་དང་བྲག་ཡིབ་ཆུས་མི་དམངས་སྨན་ཁང་དང་། བདེ་སྐྱིད་ཁུལ་ཆུང་། ཉིང་ཁྲི་གྲོང་ཁྱེར་མེ་འཁོར་བབས་ཚུགས་བཅས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་དང་འཐབ་ས་དང་པོའི་ལས་དོན་མི་སྣར་གཟིགས་པ་རེད། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དང་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཚན་རིག་དང་མཐུན་ལ་ཁྲིམས་ལྟར་གནད་སྨིན་ནུས་ཆེ་མཐའ་འཁྱོངས་བྱེད་པ། བློ་ཐག་ཆོད་པོའི་རྣམ་འགྱུར་དང་། དོན་གཉེར་གྱི་བྱ་ཐབས། སྤྱོད་ཚུལ་ཧྲག་པོ་བཅས་ཀྱི་སྒོ་ནས་ནུས་ཤུགས་ཡོད་རྒུས་དུས་ཚོད་ཐུང་ཤོས་ནང་རིམས་ནད་གཙང་སེལ་བྱེད་པ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་མཉམ་དུ་ལས་དོན་ནང་ཞུགས་ཡོད་པ་རེད།
བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་རུ་སྣེ་ཁྲིད་ནས་དང་ཐོག་བྲག་ཡིབ་ཆུས་མི་དམངས་སྨན་ཁང་དུ་ཕེབས་ཤིང་། སྨན་ཁང་དེར་ཏུང་ཀོན་གྲོང་ཁྱེར་གྱིས་རོགས་སྐྱོར་བཏང་བའི་སྨན་དོན་མི་སྣ་སླེབས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་སྔར་བས་ཆེ་རུ་ཕྱིན་པ་མཁྱེན་རྗེས་ཀྲོང་ཡན་གྱིས“ཁྱེད་ཚོ་ས་མཐོར་སླེབས་ནས་འཕྲལ་མར་རིམས་འགོག་དམག་འཐབ་ནང་ཞུགས་པར་ངས་རང་སྐྱོང་ལྗོངས་ཏང་ཨུད་དང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་མི་དམངས་ཀྱི་ཚབ་ཞུས་ཏེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ལས་དོན་ཧུར་ཐག་སྒྲུབ་པ་དང་དུས་མཚུངས་རང་ངོས་ཀྱི་འགོག་སྲུང་ཡག་པོ་བྱས་ནས་གཟུགས་པོ་བདེ་ཐང་འགན་ལེན་ཡོང་བའི་རེ་བ་ཡོད”ཅེས་གསུངས་པ་རེད།
བྲག་ཡིབ་ཆུས་བདེ་སྐྱིད་ཁུལ་ཆུང་གི་སྒོ་རྩར། ཀྲོང་ཡན་གྱིས་ཁུལ་ཆུང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཚན་རིག་དང་མཐུན་པའི་སྤྱི་འདོམས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་ཚོད་དམ་འཛིན་བྱས་ནས་གཙོ་གནད་ས་ཁོངས་དང་མི་སྣར་སྔོན་ལ་ཉིང་སྐྱུར་བརྟག་དཔྱད་དང་རིམས་དཔྱད་གྲལ་བཤེར་གཏིང་ཟབ་བྱེད་དགོས། འཐབ་ས་དང་པོའི་ལས་དོན་མི་སྣའི་འགན་འཁྲི་འཁུར་སེམས་དང་ཁ་གཏད་གཅོག་ནུས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་བསམ་ཤེས་ཐུབ་པ་དང་དུས་མཚུངས་ཚང་མར་ཞབས་འདེགས་ཡག་པོ་ཞུ་དགོས་ཞེས་གསུངས་པ་རེད།
ཉིང་ཁྲི་མེ་འཁོར་བབས་ཚུགས་སུ། ཀྲོང་ཡན་གྱིས་མེ་འཁོར་གྱི་ཐེངས་གྲངས་དང་། མི་སྣ་འགྲོ་འོང་། འགྲོ་སྐྱོད་ནུས་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས་མེ་འཁོར་བབས་ཚུགས་ཀྱི་འཛུལ་སྒྲོལ་བྱེད་སར་ངེས་པར་དུ་དོ་དམ་ནན་པོ་བྱས་ནས་གྲལ་བཤེར་བྱེད་སྐབས་མེ་འཁོར་དང་མི་གཅིག་ཀྱང་མ་ལུས་པར་ཡོངས་རྫོགས་ལ་དུག་སེལ་ཡག་པོ་བྱེད་པ་དང་འགག་སྒོའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཡག་པོ་སྲུང་དགོས་ཞེས་ནན་བཤད་གནང་བ་རེད།
བརྟག་ཞིབ་བྱེད་རིང་དང་དེ་བཞིན་ཉིང་ཁྲི་གྲོང་ཁྱེར་གྱི་ལས་དོན་འབྲེལ་མཐུད་ཚོགས་འདུའི་ཐོག ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཆེ་རུ་ཏན་ཏིག་གཏོང་བ། མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རིམས་ནད་མ་མཆེད་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་སྤྱི་ཚོགས་ངོས་ནས་གཙང་བཟོ་ཡོང་བར་བྱེད་དགོས། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་མཐའ་འཁྱོངས་བྱས་ནས་ཉིང་སྐྱུར་བརྟག་དཔྱད་དང་། རིམས་དཔྱད་གྲལ་བཤེར། སྤྱི་ཚོགས་སུ་དོ་དམ་ཚོད་འཛིན། དངོས་ཟོག་མཁོ་སྤྲོད། མཐའ་མཚམས་ཀྱི་སྔོན་འགོག་དང་ཚོད་འཛིན། སྤྱི་ཚོགས་ཀྱི་གནས་ཚུལ་ཁྲིད་སྟོན། ནད་པ་སྐྱོབ་བཅོས། གྲངས་གཞི་བསྡོམས་རྩིས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། འགན་འཁྲི་ནན་དུ་གཏོང་བ་དང་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་དང་འཐབ་ས་དང་པོའི་ལས་དོན་སྤེལ་སྟངས་མཐའ་འཁྱོངས་བྱས་ཏེ། མཐུན་སྦྱོར་དང་གཞོགས་འདེགས་ཧུར་ཐག་དང་འགྱུར་མེད་སྒྲིག་ཁྲིམས་ལ་བརྟེན་ནས་བཀོད་སྒྲིག་བྱས་པའི་ལས་དོན་དོན་འཁྱོལ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།