དབུ་ཤོག>སྲིད་དོན།
  • གཞུང་འཁྱོངས་གསར་འབྱེད་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-14

    ཚེས་11ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་མ་ཟད། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ། གཞུང་འཁྱོངས་གསར་འབྱེད་བཅས་བྱས་ཏེ། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་མི་སེམས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆད་འགྲེལ་དང་། དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་མཛུབ་ཁྲིད་བསམ་བློ་དང་། ལས་དོན་གྱི་གཙོ་གནད། སྲིད་ཇུས་བྱེད་ཐབས་བཅས་གསལ་པོ་བཏོན་ཡོད། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་པའི་གསུང་བཤད་གལ་ཆེན་དེས། ང་ཚོས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྔར་ལས་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། དེས་ན་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། དུས་བསྟུན་འཕེལ་རྒྱས་དང་གཞུང་འཁྱོངས་གསར་འབྱེད་བྱེད་རྒྱུ་མཐའ་འཁྱོངས། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཆབ་སྲིད་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་གོ་བ་ལོན་པར་བྱེད་པ། སྲོག་ཤིང་གི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཟབ་སྦྱོང་མཐིལ་རྟོགས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་བཞིན། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་འགྱུར་བར་བྱེད་དགོས། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས་ཁ་ཕྱོགས་དང་ལས་འགན་གལ་ཆེན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པ། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པ། དྲ་རྒྱའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པ། བོད་རིགས་སྤུན་ཟླའི་ལས་དོན་ཡག་པོ་སྒྲུབ་པ་བཅས་ལ་ཤུགས་སྣོན་རྒྱག་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་དོན་གྱི་ཞན་ཆ་སེལ་བ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་ལས་དོན་དང་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། རིམ་ཁག་ཏང་ཨུད་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ་བཅས་བྱས་ནས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཞེ་གཅིག་པའི་ཐོག་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་དམིགས་ཏེ་བཀོད་སྒྲིག་གལ་ཆེན་གནང་ཡོད། དེ་རང་རེའི་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་དང་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་དགོས་པའི་ཁར། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་དམག་དཔུང་དང་ས་གནས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འཆར་འགོད་འབྲེལ་མཐུད་དང་། སྲིད་ཇུས་འབྲེལ་མཐུད། ལས་དོན་འབྲེལ་མཐུད་བཅས་ཏན་ཏིག་བྱེད་པ། དམག་དཔུང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་བྱས་ནས། དམག་དཔུང་དང་ས་གནས་ཀྱི་ཤེས་ལྡན་མི་སྣ་མཉམ་དུ་གསོ་སྐྱོང་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་དང་། དམག་བཀུར་ཁྱིམ་སྐྱོང་གི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་གཏིང་ཟབ་བྱེད་པ། བརྩེ་སེམས་ཟབ་པོས་གཉིས་བཀུར་གྱི་ལས་དོན་ཡག་པོ་སྒྲུབ་པ། རྒྱ་ཆེའི་དཔོན་དམག་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བཅས་བྱས་ནས། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་དུས་བབ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད།

    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་སྙན་ཞུ་ལག་བསྟར་དོན་འཁྱོལ་གྱི་དག་ཐེར་ཇུས་གཞིར་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་དག་ཐེར་ལ་དམ་འཛིན་མ་བྱས་ཚེ་མི་དམངས་ལ་འགན་མི་འཁུར་བ་དང་། ལས་དོན་མི་སྒྲུབ་པ། འགན་ཤོར་འགན་འཛོལ་ཡིན་པ་བཅས་ཀྱི་འགན་འཁྲིའི་འདུ་ཤེས་བརྟན་པོར་བཙུགས་ཏེ། ལྟ་བཤེར་ཚུན་ལན་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་ལ་དམ་འཛིན་བྱེད་པ། རྗེས་སྙེག་སྒྲུབ་སྐུལ་ལ་ཤུགས་སྣོན་གྱིས་དག་ཐེར་ལ་དམ་འཛིན་བྱེད་པ། ཕུགས་ཕན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དག་ཐེར་ལ་དམ་འཛིན་བྱེད་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སེམས་ཤུགས་ལ་བརྟེན་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།