ཚེས་11ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས“མི་བྱེད་པ་བཞི་དང་། ཐད་སྐྱོད་གཉིས”ཀྱི་བྱ་ཐབས་ལ་བརྟེན་ནས། ལྷ་ས་བཙོན་ཁང་དང་། སྟོད་ལུང་བཙན་ཤེད་དུག་གཅོད་ཁང་། སྣེའུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་བཅས་སུ་ཕེབས་ཏེ། སྲིད་ཁྲིམས་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་འཐེན་བཤེར་གནང་ཞིང་། ཁོང་གིས་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། འགག་སྒོ་ཁག་བརྟན་སྲུང་གིས་དུས་ཚོད་ཐུང་ཤོས་ནང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྒྱལ་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལིའུ་ཅང་དང་ཐོག་ལྷ་ས་བཙོན་ཁང་དང་སྟོད་ལུང་བཙན་ཤེད་དུག་གཅོད་ཁང་དུ་ཕེབས་ནས་བཙོན་ཁང་གི་ལས་སྒྲུབ་གནས་ཚུལ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་ཐབས། བརྙན་ལམ་བཀོད་གཏོང་ལྟ་སྐུལ་ཁུལ་གྱི་དོ་དམ་གནས་ཚུལ་བཅས་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས་བཙོན་ཁང་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་འགན་ཁྲོད་གལ་འགངས་ཤིན་ཏུ་ཆེ་བས་ངེས་པར་དུ་ཕྱི་ནས་གཅིག་ཀྱང་མི་འགོ་བའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་དང་གནད་ལ་འཁེལ་བ་བྱེད་དགོས། བདེ་འཇགས་ཞིབ་བཤེར་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་འགག་སྒོ་མང་ཙམ་བཟོས་ནས་འཁོར་རིགས་དང་། མི་སྣ། དངོས་ཟོག་བཅས་མཉམ་དུ་སྔོན་འགོག་དང་། མཉམ་དུ་ཞིབ་བཤེར། མཉམ་དུ་དུག་སེལ་བཅས་བྱེད་དགོས་པ་མ་ཟད། དངོས་ཟོག་གྲབས་གསོག་ཡག་པོ་བྱེད་དགོས། ཐུག་འཕྲད་སོགས་ཀྱི་བྱེད་སྒོ་གནས་སྐབས་མཚམས་འཇོག་དགོས་པ་དང་གལ་སྲིད་དགོས་མཁོ་ཡོད་ཚེ་བརྙན་ལམ་ནས་བྱེད་དགོས། དེ་དང་དུས་མཚུངས་མི་སྣ་ཁ་བཀྲམ་ནས་དགོས་ངེས་མིན་ཚེ་གཅིག་སྡུད་བྱེད་རྒྱུ་མེད། བརྙན་ལམ་ལྟ་ཞིབ་ཚད་ལེན་གྱི་སྐོར་ཞིབ་ལམ་སྲོལ་བཙུགས་ནས་ས་ཁོངས་དབྱེ་བ་དང་། འགན་འཁྲི་ཁ་གསལ་བཟོ་བ། ཁ་ལག་ཟ་སྐབས་མཉམ་འདུས་མི་བྱེད་པ། ཤེས་རྟོགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགན་འཁྲི་ཏན་ཏིག་འཁུར་བ་དང་། ལས་བྱེད་ཉེན་རྟོག་པར་སྤྱི་ཚོགས་ཀྱི་འབྲེལ་གཏུག་ཉུང་དུ་གཏོང་བའི་སྐུལ་འདེད་གཏོང་བ། གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བཅས་བྱས་ནས་ཕྱི་ནས་གཅིག་ཀྱང་མི་འགོ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
སྣེའུ་རིམ་པ་དང་པོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ལིའུ་ཅང་གིས་ལས་སྒྲུབ་མི་དམངས་ཉེན་རྟོག་པ་དང་དང་བླངས་པར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་དང་། ཚང་མར་རང་ངོས་ཀྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་དགོས་པའི་མངགས་བཅོལ་གནང་ཞིང་། ཁོང་གིས་སྣེའུ་ཞིབ་བཤེར་ས་ཚིགས་ནི་གནམ་ཐང་གི་ཕྱོགས་ནས་ལྷ་སར་སྐྱོད་པའི་འགག་སྒོ་དང་པོ་དེ་ཡིན་པས་ངེས་པར་དུ་ལས་རེས་ལ་ཤུགས་སྣོན་རྒྱག་དགོས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིབ་བཤེར་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་བྱེད་དགོས། བདེ་འཇགས་ཞིབ་བཤེར་དང་ཉིང་སྐྱུར་བརྟག་དཔྱད་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་བྱས་ནས། ཁ་རས་རྒྱག་པ་དང་བདེ་ཐང་ཨང་རྟགས་སྟོན་པ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་གཞུང་དྲང་དང་ཡ་རབས་ངང་ཁྲིམས་འཛིན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་དབང་གྲགས་ལྡན་ལ་བརྩེ་སེམས་ཀྱང་ལྡན་དགོས། འགོ་ཁྲིད་མི་སྣ་མདུན་དུ་བསྐྱོད་ནས་བཀོད་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐབ་ས་དང་པོའི་ལས་དོན་མི་སྣ་དང་དང་བླངས་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ལས་ཀའི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།