◆ མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བདེ་འཇགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཚེས་11ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་ཏེ“ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་མཛད་ཕྱོགས་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་། འགྲན་སློང་དང་ཚོད་བགམ་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་ཆེན་པོ་འདིར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཏན་ཏིག་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་བདེ་འཇགས་བརྟན་ལྷིང་དང་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། རིམས་ནད་ཐོན་པ་ནས་བཟུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ནས། འཕྲལ་མར་ལས་དོན་ཚོགས་ཆུང་རིམས་ནད་གཙང་སེལ་ལ་མཛུབ་ཁྲིད་བྱེད་པར་མངགས་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རྐང་འཛིན་སྨན་དོན་པའི་སྟོབས་ཤུགས་སྐོང་འཐེན་དང་། རིམས་འགོག་དངོས་རྫས་གྲ་སྒྲིག བོད་དུ་རིམས་འགོག་ལ་བསྐྱོད་པ་བཅས་བྱས་པ་དང་། རང་སྐྱོང་ལྗོངས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་དང་། མགྱོགས་མྱུར་ལན་འདེབས། བྱ་སྤྱོད་མྱུར་སྤེལ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་རིམས་ནད་ལ་འགོག་རྒོལ། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ་ཉིང་སྐྱུར་བརྟག་དཔྱད་དང་། ཁུངས་བཤེར། ལོགས་འཇོག་སོགས་ཀྱི་གཙོ་གནད་ལས་དོན་ནན་ཏན་ངང་བསྒྲུབས་པས་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྙོག་འཛིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། བསྐྱར་ཟློས་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ལྷོད་གཡེང་དང་སྟེས་དབང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཁྱོན་ཡོངས་ཀྱི་ལྟ་བ་ཟབ་ཏུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུར་དོ་སྣང་བྱེད་པ། བྱ་ཐབས་ནན་པོའི་ཐོག་ནས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གང་ཐུབ་གཏོང་དགོས། སྤྱི་འདོམས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས། བསམ་བློ་དང་། མི་སྣ། དངོས་རྫས། ནུས་པ་བཅས་ཀྱི་གྲ་སྒྲིག་ཡག་པོ་བྱེད་པ་དང་། རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ། ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ། ལས་ཀའི་ཇུས་གཞི་ལེགས་སུ་གཏོང་བ། ཁུངས་བཤེར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། མཆེད་ལམ་མགྱོགས་མྱུར་གཅོད་པ་བཅས་བྱས་ནས་རིམས་ནད་ཕྱིར་མི་མཆེད་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ཏེ་བྱ་ཐབས་མྱུར་པོས་རིམས་ནད་མགྱོགས་མྱུར་ཚོད་འཛིན་བྱ་རྒྱུ་མཐའ་འཁྱོངས་དང་། ཉིང་སྐྱུར་བརྟག་དཔྱད་དང་རིམས་ནད་རིག་པའི་བརྟག་དཔྱད་ཀྱི་ནུས་པ་ཆེ་རུ་གཏོང་བ། རེས་སྐོར་མང་པོའི་མི་སྣ་ཡོངས་ཀྱི་ཉིང་སྐྱུར་དབྱེ་བཤེར་མགྱོགས་མྱུར་སྤེལ་བ།“གདགས་གཤིས་འཚོལ་བའི”དུས་ཚོད་ཐུང་དུ་གཏོང་བ་བཅས་བྱས་ནས་མངོན་མེད་ཀྱི་ཉེན་ཁ་ཚང་མ་མགྱོགས་མྱུར་མེད་པར་བཟོ་དགོས། རིམས་ནད་ལ་ཁ་གཏད་གཅོག་པའི་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཁག་བགོས་གཞིར་བཟུང་འཐབ་ས་དང་པོར་ཐད་སྐྱོད་དང་སྔོན་ཚུད་ནས་བཀོད་འདོམས་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བ་དང་རིམས་འགོག་སྨན་བཅོས་སོགས་ཀྱི་དངོས་རྫས་འགན་ལེན་ལས་དོན་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་པ། གྲ་སྒྲིག་ཨང་གསར་གྱིས་དགོས་དུས་སྤྱོད་ཐུབ་པ་བཅས་བྱས་ནས་ཁྲོམ་ར་བརྟན་པོ་དང་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས། སྟོབས་ཤུགས་བསྡུ་སྒྲིལ་ལ་སྣང་ཆེན་གྱིས་གཙོ་གནད་ས་ཁོངས་དང་གཙོ་གནད་མི་ཚོགས་ཀྱི་རིམས་འགོག་འགན་ལེན་ལས་དོན་ཏན་ཏིག་ངང་བསྒྲུབས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་རམ་བྱེད་རོགས་ཞུ་ས་ཡོད་པ་དང་དུས་ཐོག་ཏུ་རོགས་རམ་ཐུབ་པའི་འགན་ལེན་བྱེད་པ་དང་། སྨན་ཁང་གི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་སྨན་དོན་མི་སྣར་གཏན་ནས་མི་འགོ་བ་བྱས་ཏེ་མང་ཚོགས་ཚོས་རྒྱུན་གཏན་ལྟར་སྨན་པ་བསྟེན་པའི་དགོས་མཁོར་ཤུགས་རྐྱེན་མི་ཐེབས་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ་སྤྱི་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་། སྔོན་འགོག་གཙོ་བོར་འཛིན་པ་དང་། དུས་རྒྱུན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བསགས་འབོར་ཐག་གཅོད་ཡག་པོ་བྱེད་པ་དང་། འཕར་ཚད་ཚོད་འཛིན་ནན་པོ་བྱེད་པ། ཕྱི་ནས་མི་འགོ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བའི་འགན་ལེན་བྱེད་དགོས། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་བྱེད་པ། གནད་དོན་གསར་པ་ཐག་གཅོད་ཧུར་ཐག་བྱེད་པ། ལམ་སྲོལ་གསར་པ་འཚོལ་ཞིབ་བྱེད་པ། སྐྱོན་ཆ་རྒྱུན་མཐུད་ངང་སེལ་བ་བཅས་བྱས་ཏེ་རང་འགུལ་ངང་གནས་ཚུལ་གསར་པ་དང་གནད་དོན་གསར་པ་སྣ་ཚོགས་ཐག་གཅོད་གནད་སྨིན་དང་ནུས་ལྡན་བྱེད་དགོས། གྲངས་གཞིའི་འདེགས་སྐྱོར་གྱི་ནུས་པ་ཆེ་རུ་བཏང་ནས་གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་དང་། རྩིས་ཐབས་རྩིས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། “བོད་ལྗོངས་ཤར་བགྲོད”ལས་སྟེགས་ཀྱི་ནུས་པ་ཇེ་ལེགས་དང་རིམ་སྤོར་བྱས་ཏེ་དཔྱད་བཤེར་གྱི་ལས་ཕྱོད་ཆེ་རུ་གཏོང་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཕར་དཀྲི་ཚུར་དཀྲི་དང་། ཕྱི་ཚུལ་རིང་ལུགས། དཔོན་ཉམས་རིང་ལུགས་བཅས་ཀྱིས་རིམས་ནད་ཁྱབ་མཆེད་བྱུང་རིགས་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆད་པ་ནན་པོ་བཅད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ལ་ཚན་རིག་དང་མཐུན་པའི་རིམས་འགོག་ཤེས་བྱ་དུས་ཐོག་ཏུ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་རང་འགུལ་ངང་རིམས་འགོག་བླང་བྱར་བརྩི་སྲུང་ཞུ་རྒྱུའི་ཁྲིད་སྟོན་བྱེད་པ། རང་ངོས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྤྱི་ཚོགས་མི་སྣའི་སེམས་ཁམས་ལ་གསེད་བཀྲོལ་ཡང་དག་བྱས་ནས་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་ལས་ཀ་བྱེད་སྟངས་ལེགས་བཅོས་ཟམ་མི་ཆད་པར་བྱས་ནས་ལས་ཀའི་འཇོན་ཐང་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། དབང་གྲགས་ལྡན་པའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་གླེང་ཕྱོགས་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སེམས་བཟང་གི་སྐྱོན་བརྗོད་བསམ་འཆར་དང་གྲོས་འགོར་ཉན་འཇོག་ནན་ཏན་བཅས་བྱས་ཏེ། སྐབས་བསྟུན་དཀྲོག་གཏམ་བཟོ་བ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ཟང་ཟིང་བཟོ་མཁན་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འགག་རྩའི་དུས་སུ་འགག་རྩའི་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་ཆེད་ཞུམ་མེད་མདུན་སྐྱོད་བྱེད་པ་དང་། ལས་ཀ་གཙོ་བོར་བཟུང་ནས་ཐོབ་ཤོར་མི་རྩོད་པར་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ་དང་། སྟོབས་ཤུགས་སྐུལ་སློང་བྱེད་པ། གཞི་རིམ་ལ་དགོས་གལ་ཆེ་ཤོས་ཀྱི་སྟོབས་ཤུགས་སྒྲིག་འཛུགས་ཡག་པོ་བྱེད་པ། སྡེ་ཁུལ་དུ་ཧ་ཅང་དཀོན་པའི་ཐོན་ཁུངས་བཀོད་སྒྲིག་ཡག་པོ་བཅས་བྱས་ནས་རིམས་འགོག་གི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས་པའི་ནན་བཤད་གནང་བ་རེད།