དབུ་ཤོག>སྲིད་དོན།
  • ལྷ་སས་སྤེལ་བའི་རིམས་ནད་སྐོར་གྱི་སྤྱི་བསྒྲགས་གལ་ཆེན་ཞིག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-08-09

    2022ལོའི་ཟླ་8ཚེས་8ཉིན། ལྷ་ས་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས (ཡིག་ཨང8པ)ཤིག་སྤེལ་འདུག

    སྤྱི་བསྒྲགས་ནང་བསྟན་དོན།  མི་སྣ་འདུ་འཛོམས་ལ་ཚོད་འཛིན་ནན་པོ་བྱས་ཏེ་རིམས་འགོག་གི་འབྲེལ་ཡོད་ཚོགས་འདུ་ཕུད། གྲོང་ཁྱེར་ཡོངས་སུ་གནས་སྐབས་ཚོགས་འདུ་ཆེ་གྲས་དང་གླེང་སྟེགས་སོགས་ཀྱི་བྱེད་སྒོ་མི་སྤེལ་བ་དང་། རིགས་ཁག་གི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་དྲ་ཕྱིའི་གསོ་སྦྱོང་གནས་སྐབས་མཚམས་འཇོག་དགོས་པ། ཆོས་ལུགས་བྱེད་སྒོ་སྤེལ་ས་ཕྱི་ཕྱོགས་ལ་གནས་སྐབས་སྒོ་འབྱེད་མཚམས་འཇོག་དགོས་པ། རྒན་གསོ་ཁང་དང་ཕན་བདེའི་སྒྲིག་གཞི་སོགས་ལ་བཀག་སྡོམ་དོ་དམ་བྱེད་དགོས་པ། བཟའ་བཏུང་ཚན་པས་གསོལ་སྟོན་བྱེད་སྒོ་སོགས་མི་གཉེར་བ་དང་། ཁ་ལག་ཟ་ཁང་ནས་བླངས་ཏེ་ཁྱིམ་དུ་ཟ་བ་དང་མངགས་སྐྱེལ་བྱེད་པར་ལྕག་སྐུལ་བྱེད་དགོས་པ། སྡེབ་སྐྱེལ་ཞབས་ཞུ་སྒྲུབ་མཁན་དང་འབྲེལ་ཐུག་མི་བྱེད་པའི་ལྕག་སྐུལ་བྱེད་དགོས་པ། ཏང་སྲིད་ལས་ཁུངས་དང་། ཁེ་ལས། བྱ་གཞག་ཚན་པ་བཅས་ཀྱི་ཟ་ཁང་དུ་ཁ་ལག་ཟ་སྐབས་འཚང་གཡོལ་བྱེད་དགོས་པ། “བཀྲ་ཤིས་པའི་བྱ་བ་དུས་འགྱངས་ཀྱིས་སྒྲུབ་པ་དང་། རྗེས་མཇུག་སྟབས་བདེ་པོ་བྱེད་པ། གསོལ་སྟོན་མི་གཉེར་བ”བཅས་དར་སྤེལ་གཏོང་དགོས།

    སྤྱི་བསྒྲགས་ནང་བསྟན་དོན།  ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱས་ནས་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་། དངུལ་ཁང་། ཞིང་ཞོར་ཐོན་རྫས(གཅིག་སྡུད་ཉོ་ཚོང)ཁྲོམ་ར་སོགས་ཚོང་གཉེར་བྱེད་མཁན་གྱིས་ལས་གཉེར་དུས་ཚོད་ཐུང་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ་བྲིན་ཚོང་སོགས་མི་སྣ་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་མཚམས་འཇོག་དགོས། 

    སྤྱི་བསྒྲགས་ནང་ནན་བཤད་བྱས་དོན།  ཨར་ཁང་དང་། KTV ནང་མ་ཁང་། གློག་བརྙན་ཁང་། དྲ་ཁང་། ལུས་སྦྱོང་ཁང་། མིག་མངས་རྩེད་ཁང་། ཇ་ཁང་། གཟུགས་པོ་འཁྲུད་ས་སོགས་དང་རྟེན་མཛོད་ཁང་དང་། རིག་གནས་ཁང་། དཔེ་མཛོད་ཁང་། མཛེས་རྩལ་ཁང་། ལུས་རྩལ་ཁང་། འུན་ཤིང་ཀོང་ཇོའི་དངོས་ལྗོངས་ཟློས་གར་ཁང་སོགས་སྤྱི་པའི་རིག་གནས་དང་ལུས་རྩལ་བྱེད་སྒོ་སྤེལ་ཡུལ་གནས་སྐབས་གཉེར་མཚམས་འཇོག་དགོས།

    སྤྱི་བསྒྲགས་ནང་ནན་བཤད་བྱས་དོན། ཚ་བ་རྒྱས་པ། གཟུགས་པོར་ཤུགས་མེད་པ། གློ་རྒྱག་པ། སྣ་འགག་པ། སྣ་ཆུ་དོན་པ། གྲོད་པ་བཤལ་བ། ལྕེ་ཚོར་དང་སྣ་ཚོར་རྒྱུན་གཏན་མིན་པ་སོགས་ཀྱི་ནད་རྟགས་ཡོད་མཁན་གྱིས་ངེས་པར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ། ལམ་སེང་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས། སྨན་བཅོས་སྒྲིག་གཞི་ཁག་གིས་ཚ་རྒྱས་སྒོ་བསྟེན་ལ་དོ་དམ་ནན་པོ་བྱས་ནས་སྨན་བཅོས་ཁང་ཁག(诊所)གིས་ཚ་བ་རྒྱས་པའི་ནད་པར་ནད་ལྟ་མི་ཆོག་པ་དང་། སྨན་སིལ་ཚོང་ཁང་གིས“སྨན་རྫས་རིགས་བཞི”དོ་དམ་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ། སྨན་བཅོས་ཁང་(诊所)དང་སྨན་ཚོང་ཁང་གིས་རང་འགུལ་ངང་ཚ་བ་རྒྱས་པའི་ནད་པ་ཐག་ཉེ་སའི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པའི་ཁྲིད་སྟོན་བྱེད་དགོས།

    སྤྱི་བསྒྲགས་ནང་བསྟན་དོན། མི་ཚོགས་མང་བའི་ཁང་པའི་ནང་དང་། སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་པ། མི་ཚོགས་མང་བའི་ཕྱི་རོལ་བཅས་སུ་ཚན་རིག་དང་མཐུན་པའི་ངང་ཁ་རས་ཡག་པོ་རྒྱག་པ་དང་། འབྲེལ་འདྲིས་བྱེད་སྐབས་བར་ཐག་འཇོག་པ་མ་ཟད། རིམས་འགོག་བྱེད་རིང་འདུ་འཛོམས་མི་བྱེད་པ་དང་། མི་མང་པོ་རུབ་ནས་མི་སྡོད་པ། མི་སྒེར་གྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་པ། ལག་པ་ཡང་སེ་བཀྲུ་བ། རླུང་འགྲོ་ཡག་པོ་ཡོང་བ་བཅས་བྱེད་དགོས།

    སྤྱི་བསྒྲགས་ནང་བསྟན་དོན། ཉེན་ཁ་ཆེ་འབྲིང་གི་ས་ཁོངས་སུ་འགུལ་མེད་དོ་དམ་ལག་ལེན་བསྟར་རྒྱུ་དང་། ཉེན་ཁ་ཆུང་བའི་ས་ཁོངས་ནང་གི་མི་སྣ་གྲོང་ཁྱེར་གཞན་དུ་འགྲོ་བར་ངེས་པར་དུ་ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་སྲིབས་གཤིས་དཔང་ཡིག་འཁྱེར་དགོས།

    སྤྱི་བསྒྲགས་ནང་གསལ་བཤད་བྱས་དོན། སྤྱི་བསྒྲགས་དེ་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་གནས་སྐབས་ཉིན་5ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། རྗེས་སུ་རིམས་ནད་ཀྱི་འཕེལ་རིམ་དང་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་སྐབས་བསྟུན་ལེགས་སྒྲིག་བྱ་རྒྱུ་ཡིན་པས། རྒྱ་ཆེའི་མང་ཚོགས་ཀྱིས་བསམ་ཤེས་དང་། གཞོགས་འདེགས། རྒྱབ་སྐྱོར་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷ་ས་གྲོང་ཁྱེར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་གི་བློ་འདྲིའི་ཁ་པར་ཨང་གྲངས་ནི། 0891-6344255 དང་། ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཐད་སྦྲེལ་ཁ་པར་ཨང་གྲངས་ནི།12345ཡིན།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།