ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྲིད་གྲོས་སུ་ཕེབས་ནས་སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པར་འཚམས་འདྲི་གནང་བ་དང་། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་བསྒྲུབས་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་མ་ཟད། བཞུགས་མོལ་ཚོགས་འདུ་འཚོགས་ནས་ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་དམིགས་ཏེ་གྲོས་བསྡུར་དང་སྤེལ་རེས་ཀྱང་གནང་བ་རེད།
ཀྲོང་ཡན་སྨན་གླིང་རྫོང་སྲིད་གྲོས་ཀྱི་གཞུང་ལས་ཁང་ཁག་ལ་ཕེབས་ནས་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་རྫོང་རིམ་པའི་སྲིད་གྲོས་ལས་དོན་དང་དེ་བཞིན་ལས་ཁུངས་འཛུགས་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དཔྱད་ཡིག་ཁང་དུ་རྫོང་སྲིད་གྲོས་ཀྱི་རིག་གནས་ལོ་རྒྱུས་དང་མི་རིགས་ཆོས་ལུགས་ཁྲིམས་ལུགས་ཨུ་ལྷན་གྱིས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པའི་ལོ་རྒྱུས་དཔྱད་ཡིག་སྣ་ཚོགས་སྒྲིག་གཤོམ་བྱས་པར་གཟིགས་རྗེས་ཀྲོང་ཡན་ཐུགས་ཧ་ཅང་མཉེས་པོ་བྱུང་ཞིང་། ཁོང་གིས་སྨན་གླིང་རྫོང་གི་མི་རིགས་ཁག་འོ་ཆུ་མཉམ་འདྲེས་ལྟར་དང་མི་རིགས་མཐུན་སྒྲིལ་གྱི་ལྗོན་ཤིང་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་ཡོད། ཁྱེད་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་དང་། འཚོལ་བསྡུ། ལེགས་སྒྲིག་བཅས་གཏིང་ཟབ་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུད་གསོན་ཉམས་དོད་པོའི་ངང་བཤད་ནས་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཉིང་ཁྲི་གྲོང་ཁྱེར་དང་སྨན་གླིང་རྫོང་གི་སྲིད་གྲོས་ཨུ་ཡོན་ཁག་གཅིག་དང་བཞུགས་མོལ་གནང་སྐབས། ཀྲོང་ཡན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སྲིད་གྲོས་ཀྱི་ལས་དོན་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་དེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པའི་ཚད་གཞི་དང་ཡང་ཡང་བསྡུར་བ་བཅས་བྱས་ཏེ་ཏང་གི་འགོ་ཁྲིད་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་སྤྱི་ཡོངས་ཁྲོད་དུ་ཆད་ལུས་མེད་པར་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་། ཐབས་མང་མཉམ་སྤྱོད་ཀྱིས་འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་དཔེ་བཟང་བའི་བྱ་སྤྱོད་བརྒྱུད་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་དང་ལས་འགན་མངོན་པར་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།