རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་བླང་བྱ་གཞིར་བཟུང་། ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ས་གནས་ས་ཐོག་ཏུ་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ཀྱི་འཕེལ་རིམ་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་ས་གནས་ས་ཐོག་གི་གཞུང་ལས་ཚོགས་འདུ་འཚོགས་ཏེ་སྤུས་འབོར་འགན་ལེན་གྱིས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལའེ་ཅའོ་དང་ཤའོ་ཡིའུ་ཚའེ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་ཡོད་པ་རེད།
ཨར་སྐྲུན་བྱ་ཡུལ་དུ་ཀྲོང་ཡན་གྱིས་རྟེན་གཞིའི་ཇུས་འགོད་དང་། འཛུགས་སྐྲུན། དོ་དམ། དུས་མཇུག་གི་གཉེར་སྐྱོང་རྣམ་པ་སོགས་ཀྱི་ལས་དོན་ཁག་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ས་གནས་ས་ཐོག་ཏུ་ལས་གྲྭ་འཛུགས་སྐྲུན་གྱི་གནས་ཚུལ་ལ་ལྟ་ཞིབ་གནང་ཞིང་། ཁོང་གིས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་ངང་ཨར་ལས་སྒྲིག་འཛུགས་བྱས་ཏེ་ལས་གྲྭའི་མྱུར་ཚད་མགྱོགས་སུ་བཏང་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་རྗེས་འཚོགས་པའི་ས་གནས་ས་ཐོག་གི་གཞུང་དོན་ཚོགས་འདུའི་ཐོག་འབྲེལ་ཡོད་ཚན་པས་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས་པ་རེད། ཀྲོང་ཡན་གྱིས་གོང་མར་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་མཉམ་ལས་ཧུར་ཐག་དང་། གཞོགས་འདེགས་དམ་ཟབ། དོན་འཁྱོལ་ཏན་ཏིག་བཅས་བྱས་པ་ལས་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་དུས་བཀག་ལྟར་ལས་འགོ་ཚུགས་པ་དང་། སྐུལ་འདེད་ཧུར་ཐག འཕེལ་རིམ་བདེ་བླག་བཅས་བྱུང་ཡོད་ཅེས་གསུངས་པ་རེད།
ཀྲོང་ཡན་གྱིས་བླང་བྱ་བཏོན་གནང་དོན། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གིས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་དངོས་འཛིན་དངོས་སྒྲུབ་དང་། གཞི་རྩའི་འཛུགས་སྐྲུན་གྱི་གོ་རིམ་ལག་བསྟར་ནན་པོ། འཛུགས་སྐྲུན་གྱི་ཚད་གཞི་ལག་བསྟར་ནན་པོ། ཨར་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ལ་ལྟ་སྐུལ་ཚོད་འཛིན་བཅས་བྱས་ནས་སྤུས་ལེགས་ལས་གྲྭ་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས། འགན་འཁྲི་སྔར་བས་ཏན་ཏིག་དང་མཉམ་ལས་དམ་ཟབ་བྱས་ནས་ལས་དོན་གྱི་སྤྱི་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། རྣམ་གྲངས་ཀྱི་མ་དངུལ་འགན་ལེན་བྱེད་པ། ཚན་རིག་དང་མཐུན་ཞིང་ཤེས་དཔལ་ལྡན་པའི་ངང་ཨར་ལས་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། བདེ་འཇགས་དང་། བབ་ཆགས། གྲོན་ཆུང་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྤྱོད་གོ་ཆོད་པ་དང་། འདང་ངེས། སྤྱོད་ཤེད་ཆེ་བ་བཅས་ཀྱི་སྒོ་ནས་རྗེས་མཐུད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་སྐྱོར་གྱི་སྙིང་སྟོབས་གང་ལེགས་མངོན་པར་བྱེད་དགོས། ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་སྤེལ་བ་དང་། རྗེས་འདེད་རྩིས་བཤེར་ལ་ཤུགས་སྣོན་རྒྱག་པ། བརྒྱུད་རིམ་ལ་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལྗང་མདོག་ལས་གྲྭ་དང་། སྤུས་དག་ལས་གྲྭ དཔེ་སྟོན་ལས་གྲྭ སྤྱོད་གཙང་ལས་གྲྭ དཔེ་མཚོན་ལས་གྲྭ་བཅས་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།