ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ནས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་དང་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་ཡག་པོ་གཉེར་རྒྱུའི་སྐོར་གྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཛུབ་སྟོན་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་ནས་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
ཁྲེན་ཡུང་ཆི་དང་། ལིའུ་ཅང་། རེན་ཝེ། ཤའོ་ཡིའུ་ཚའེ། ཐང་མིང་དབྱིང་། ལུའོ་མེ། མོང་ཞའོ་ལིན། འཇམ་དཔལ། ཀྲང་ཧུང་པོ། བཀྲ་ཤིས་ཟླ་བ་བཅས་ཚོགས་འདུར་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་བོད་ལྗོངས་འགྲེམས་ཚོགས་ཀྱི་བརྗོད་དོན་གཙོ་བོ་མངོན་པ་དང་ཁྱད་ཆོས་ལྡན་པ་ཞིག་དགོས་པ་དང“ཀྲུང་གོའི་ཁྱད་ཆོས་དང་། ས་མཐོའི་བརྩེ་སེམས། བོད་ཀྱི་ཉམས་འགྱུར”བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གངས་ལྗོངས་ས་མཐོའི་ལོ་རྒྱུས་དང་རིག་གནས་ཀྱི་ནང་དོན་དང་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་དང་འགྲེམས་སྟོན་ཡག་པོ་བྱས་ཏེ། བྱེད་སྒོ་ཁག་གི་ནང་དོན་དང་མངོན་ཚུལ་ལ་རིགས་པས་ཁུངས་སྐྱེལ་སྔར་བས་ལེགས་པ་བྱས་ཏེ་ཆེད་ལས་རང་བཞིན་དང་ངོ་མཚར་ཆེ་བའི་རང་བཞིན་འགན་ལེན་བྱེད་དགོས། ཇུས་འགོད་ཞིབ་ཕྲ་དང་བཀྲག་མདངས་འཚེར་ས་མངོན་པར་བྱས་ནས“སྤུས་དག་དང་། ཞིབ་ཚགས། རྩེར་སོན”བཅས་ཀྱི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་ཀྱིས“བཀྲག་མདངས་འཚེར་སའི་གསལ་ཐོ”བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་བྱེད་པ་དང་བཀྲག་མདངས་འཚེར་སར་བརྟེན་ནས་བྱེད་སྒོར་འདེགས་སྐྱོར་དང་བྱེད་སྒོར་བརྟེན་ནས་འགྲེམས་ཚོགས་འདེགས་སྐྱོར་བྱས་ཏེ་རིམ་པ་དང་སྤུས་ཀ་གཉིས་ཀ་ལྡན་པ་བྱེད་དགོས།
ཕྱོགས་བཞི་མཚམས་བརྒྱད་ལ་སྐད་གྲགས་ཆོད་པར་བྱས་ནས་སྐུ་མགྲོན་དང་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཞིབ་ཆ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱེད་དགོས། དངོས་སྒྲུབ་ཚོང་འགུགས་དང་སྤུས་ཚད་ལྡན་པ་བྱས་ནས་སྤུས་ཚད་མཐོ་བ་དང་། ཕན་འབྲས་ཐོན་པ། དོན་འཁྱོལ་ཐུབ་པ་བཅས་ཀྱི་རྣམ་གྲངས་ཁག་གཅིག་ཇུས་འགོད་བྱེད་པ་དང་། ཚོང་འགུགས་མ་འདྲེན་དང་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་དང་ཡག་པོ་སྤེལ་བ།“རྩིས་ཐོ་ཞིབ་ཁྲ”བཟོ་བ་དང་། “དོན་ཐོག་ཏུ་འཁྱོལ་བ་བྱེད་པར”དམ་འཛིན་བཅས་བྱེད་དགོས། འགན་འཁྲི་ཏན་ཏིག་ཁུར་བ་དང་ཆུ་ཚད་ལྡན་པར་བྱས་ནས“བརྒྱུད་རིམ་ཧྲིལ་པོར”སྟངས་འཛིན་དང་། “འབྲེལ་ཐག་ཧྲིལ་པོར”དོ་དམ། “ཕྱོགས་ཡོངས”ལ་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ལས་དོན་སྤུས་ཚད་མཐོ་ལ་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱས་ནས་ཆུ་ཚད་མཐོ་བའི་འགྲེམས་ཚོགས་གཟབ་རྒྱས་ཤིག་གཉེར་དགོས་པའི་བླང་བྱ་བཏོན་གནང་བ་རེད།