ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་ས་པུའུ་རུ་ཕེབས་ཏེ། ནས་ཀྱི་སོན་གསོ་དང་། རྒུན་འབྲུམ་དམར་པོའི་ཐོན་འཕར་འདེབས་གསོའི་ལག་རྩལ། ནས་དང་འབྲི་གཡག་གི་སོན་རྒྱུའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས། ཞིང་ལས་ཐོན་རྫས་གསར་སྤེལ་དང་བཟའ་བཅའི་ཚན་རིག་ཞིབ་འཇུག་ལས་སྣོན། འཁྱགས་རོམ་སྲུང་སྐྱོང་། མཚོ་བོད་ཚན་རིག་རྟོག་ཞིབ་སོགས་ཀྱི་གནས་ཚུལ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དུ་ཁྲེན་ཡུང་ཆིས་ནས་སོན་གསོ་སྤེལ་རྟེན་གཞི་དང་། དྲོད་ཁང་ཆེ་མོ། ཚོད་ལྟ་ཁང་སོགས་སུ་ཕེབས་ཏེ། ལས་ཀའི་ངོ་སྤྲོད་གསན་པ་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མཁྱེན་རྟོགས་གནང་ཞིང་། ཁོང་གིས། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་པར་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། འདེབས་འཛུགས་ལས་རིགས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཡག་པོ་བྱེད་པ། ཚན་རྩལ་ཡར་ཐོན་ལ་བརྟེན་ནས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་གི་འཐབ་ཇུས་རང་ལྗོངས་སུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ལྷ་ས་པུའུ་རུ། ཁྲེན་ཡུང་ཆིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ལོ་རྒྱུས་དང་། ཚན་ཞིབ་ཀྱི་འཕེལ་རིམ། གྲུབ་འབྲས་མ་ལག་བཅས་དང་དེ་བཞིན་འཁྱགས་རོམ་སྲུང་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གངས་འཁྱགས་ཐོན་ཁུངས་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། སྲུང་སྐྱོང་ཨང་དང་པོར་འཇོག་པ། ལྗང་མདོག་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ནས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གྲུབ་འབྲས་མཉམ་སྤྱོད་ཀྱིས་ལྗོངས་ཡོངས་ཀྱི་འཁྱགས་རོམ་གྱི་གདིང་གཞི་ཤེས་རྟོགས་ལ་དམ་འཛིན་ནན་པོ་བྱེད་པ་དང་། གངས་འཁྱགས་ཀྱི་ཐོན་ཁུངས་ཁྱབ་ཚུལ་དང་། གྲངས་འབོར། རྒྱ་ཁྱོན་སོགས་ཀྱི་གནས་ཚུལ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ། ལྗོངས་ཡོངས་ཀྱི་གངས་འཁྱགས་ཐོན་ཁུངས་ཀྱི་རྨང་གཞིའི་གྲངས་གཞིའི་མཛོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གངས་འཁྱགས་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཆེད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།