ཟླ་7ཚེས་30ནས་ཟླ་8ཚེས་1ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་བརྟག་ཞིབ་གནང་བར་ཕེབས་ནས། རྫོང་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དཔེ་སྟོན་རྫོང་འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང“འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་དང་དེ་བཞིན་ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་སོགས་ཀྱི་ཐད་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་། འབྲེལ་གཏུག་ས་ཚིགས་ཀྱི་གྲོང་ཚོ་རིམ་པའི་ཏང་ཀྲི་པུའུ་དང་བཞུགས་མོལ་གནང་བ་དང་འབྲེལ། རྫོང་ཡོངས་ཀྱི་ལས་བྱེད་པ་200ལྷག་ཙམ་ལ་ཆེད་དོན་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད།
དབང་ཧའེ་ཀྲོའུ་དང་བཅས་པ་དང་ཐོག་འབྲོག་པའི་ཁྱིམ་དུ་འཚམས་འདྲིར་ཕེབས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ། ཚང་མར་ལས་བརྩོན་ཕྱུག་འགྱུར་གྱིས་ཚན་རིག་དང་མཐུན་པ་དང་། བདེ་ཐང་ཤེས་དཔལ་གྱི་འཚོ་བ་གསར་པ་སྐྱེལ་དགོས་པའི་སྐུལ་ལྕག་གནང་བ་རེད། སྟག་རྩེ་གྲོང་ཚོའི་སྤྱི་ཕན་ནགས་སྲུང་ས་ཚིགས་དང་། རྫོང་གྲོང། ཨར་རྩ་གྲོང་རྡལ། ཁལ་རག་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་སུ་བརྟག་ཞིབ་གནང་ཞིང་། ཁོང་གིས། ནགས་དཔོན་ལམ་ལུགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཏན་ཏིག་བྱས་ནས་ནགས་ཚལ་དང་རྩྭ་ཐང་སྐོར་གཡེང་སྐོར་ཞིབ་དང་བཅའ་ཁྲིམས་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། མང་ཚོགས་ལ་དྲིལ་བསྒྲགས་དང་། སློབ་གསོ། ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ནས། ཤེས་དཔལ་ལག་ལེན་བྱེད་སྒོའི་ནང་དོན་དང་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་དང་། “དམིགས་སར་འབྱོར་བ་གསུམ”དོན་འཁྱོལ་ཏན་ཏིག་བྱས་ཏེ“བདག་གིས་གཞན་ལ་ཕན་འགྱུར་ན། གཞན་གྱིས་བདག་ལ་ཕན་པར་ངེས་པའི”རྣམ་པ་བཟང་པོ་གཏོད་དགོས། མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་འཕྲལ་སྡོམ་རླུང་འཕྲིན་ལས་སྟེགས་ཡག་པོ་སྤྱད་དེ། མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་དྲིལ་བསྒྲགས་ཀྱི་ནང་དོན་དེ་བས་མང་པོ་དང་ཡག་པོ་འདོན་དགོས་ཞེས་གསུངས་པ་རེད། རྫོང་སློབ་འབྲིང་གི་མི་རིགས་མཐུན་སྒྲིལ་རིག་གནས་བར་ཁྱམས་སུ་ཕེབས་སྐབས་ཁོང་གིས་འགྲེམས་པང་ལ་གཟིགས་པ་དང་འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། ད་དུང་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་སློབ་གྲྭ་དབར་སློབ་སྦྱོང་ཆ་སྒྲིག་རོགས་སྐྱོར་དང་འགྲོ་འོང་སྤེལ་རེས་ཀྱི་ལམ་སྲོལ་སོགས་ཧུར་ཐག་འཛུགས་དགོས་པའི་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།