ཚེས་1ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“དངོས་སྒྲུབ་ལ་སྣང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ”བཅས་ཀྱི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་སྲིད་གཞུང་ཚན་ཁག་གི་ཁོངས་མིས་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་དུས་ཚིགས་གཉིས་པའི་ལས་དོན་འཕེལ་རིམ་དང་གོམ་སྟབས་རྗེས་མའི་འཆར་གཞི་སྙན་སེང་ཞུས་པ་མ་ཟད། 《ལྗོངས་ཡོངས་ཀྱི་བརྟན་པོའི་ངང་འཕར་བ་དང་། ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བ་བྱེད་པ། ཟོག་གོང་བརྟན་པོ་དང་ལས་ཞུགས་འགན་ལེན་བཅས་ཀྱི་ཆེད་དོན་ལྟ་ཞིབ་བྱ་སྤྱོད》ཀྱི་ཆེད་སྒྲིག་གློག་བརྙན་ཡང་གཟིགས་པ་རེད།
ཡན་ཅིན་ཧའེ་ཡིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་འགན་འཁྲི་ཡག་ཤོས་འཁུར་བ་ཞིག་ཡིན་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་འགན་འཁྲི་འཁུར་ཕོད་པ་བྱེད་དགོས་ལ་ལས་དོན་སྒྲུབ་མཁས་པོའང་བྱེད་དགོས།
ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་དང་ལྷག་པར་དུ་ཚན་ཁག་གི་ཁོངས་མིས་ལས་དོན་དངོས་སྒྲུབ་པ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས“ཐབས་ཇུས་ཐད་ཚན་རིག་དང་མི་མཐུན་པ་དང་། དོན་འཁྱོལ་ཐད་དཀའ་ངལ་ཡོད་པ། ལམ་སྲོལ་ཐད་འཐུས་སྒོ་ཚང་པོ་མེད་པ། དོན་འཁྱོལ་ཐད་འཛོལ་ཁྱད་ཡོད་པ། འགན་འཁྲི་ཁ་གསལ་མེད་པ། དོན་འཁྱོལ་བདེ་བླག་མེད་པ། ལས་ཀའི་ཐད་འགན་འཁྲི་མི་འཁུར་བ། དོན་འཁྱོལ་ཡག་པོ་མ་བྱུང་བ། བསམ་བློ་ཡངས་པོ་མེད་པ། དོན་འཁྱོལ་ལ་བྱེད་ཐབས་མེད་པ”སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཞིབ་བསྡུར་ནན་ཏན་དང་ཐག་གཅོད་ཏན་ཏིག་བྱས་ནས་དུས་ཚིགས་གསུམ་པར་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་དགོས། གཅིག་ནས་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་སྒྲུབ་དགོས་པ་དང་སྲིད་གཞུང་གི་འགོ་ཁྲིད་ཚན་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གཙོ་གནད་རྣམ་གྲངས་ཆེད་མིས་འགན་གཙང་ལེན་པ་དང་། གཙོ་གནད་ལས་དོན་གྱི་ཆེད་དོན་ཚན་ཁག་ལ་སྐུལ་འདེད་གཏོང་བ། གཙོ་གནད་ལས་དོན་རྣམ་གྲངས་ཀྱི་ཆེད་འགན་འཁུར་ནས་འགག་སྒྲོལ་བྱེད་པ། གཙོ་གནད་གནད་དོན་ཆེད་མངགས་ཐག་གཅོད་བྱེད་པ་སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་དགོས། གཉིས་ནས་གཙོ་གནད་ལ་དམ་འཛིན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་སྟོབས་ཆེར་གཏོང་བ་དང་ལེགས་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཚོང་འགུགས་ལ་དམ་འཛིན་བྱེད་པ་དང་བོད་ལྗོངས་འགྲེམས་ཚོགས་གོ་སྐབས་སུ་བྱས་ཏེ་ཞབས་ཞུའི་ཁེ་ལས་དང་། གླིང་ཁུལ་ཚོང་འགུགས། མ་དངུལ་བརྩོན་ལེན་དང་རྣམ་གྲངས་བརྩོན་ལེན་སོགས་ཀྱི་བྱ་སྤྱོད་ཤུགས་ཆེན་སྤེལ་བ། ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་ཕན་འདོགས་པ་དང་ལྷག་པར་དུ་སློབ་གྲྭའི་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བརྟན་པོ་ཡོང་བ་དང་ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་འཚོ་བ་ལེགས་སུ་གཏོང་བ། སློབ་གསོ་དང་སྨན་བཅོས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་སོགས་གཙོ་གནད་ལས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་བྱེད་པོ་འགན་ལེན་བྱས་ནས་དཔལ་འབྱོར་གྱི་སྲིད་ཇུས་སྦབ་ཆ་གཅིག་དོན་འཁྱོལ་བརྟན་པོ་བྱེད་པའི“མཐའ་མའི་འགག་གནད”ལས་སྒྲོལ་ཐུབ་པར་བྱེད་དགོས། གསུམ་ནས་འགན་འཁྲི་ནན་དུ་བཏང་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་། ཆེད་དོན་བརྡ་ཁྱབ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། མིང་སྦྱར་ལྟ་སྐུལ་བྱེད་པ། དུས་བཀག་ལྟར་བཅོས་སྒྲིག་གནད་འཁེལ་བྱེད་པ། སྔོན་ཐོན་བརྩོན་ལེན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཉིན་ལྟར་ལས་ཀ་ཧུར་ཐག་བྱས་ཏེ་ལོ་སྨད་དུ་མཐའ་མའི་གདོང་མཆོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།