དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-03

    ལོ་སྟོད་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་ཞིབ་འཇུག་བྱས་ཏེ་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་220བར་མཐོ་རུ་གཏོང་རྒྱུ་ཡིན་པ།

    ཚེས་1ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལོ་སྟོད་ཀྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་དང་དེ་བཞིན་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་སོགས་ཀྱི་དོན་དག་ལ་ཞིབ་འཇུག་གནང་བ་རེད། ཚོགས་འདུའི་ཐོག་འདི་ལོའི་ཟླ་7ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་སྒོར་5མང་དུ་བཏང་ནས་མི་རེར་ཟླ་རེར་སྒོར་220བར་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། 

    ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བརྟན་པོ་གཙོ་བོར་འཛིན་པ་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། ཁུར་ལེན་མདུན་སྐྱོད་དང་རང་འགུལ་ངང་བྱས་རྗེས་འཇོག་པ། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་ཁག་38དོན་འཁྱོལ་མྱུར་པོ་བཅས་བྱས་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤྱི་ཡོངས་བརྟན་པོ་བྱུང་བ་དང་། སྤྱི་འབོར་རྒྱ་སྐྱེད་ཐུབ་པ། གྲུབ་ཆ་ལེགས་སུ་སོང་བ་མ་ཟད། ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད། ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། གོམ་སྟབས་རྗེས་མར་མུ་མཐུད“བརྟན་པོའི”རྨང་གཞི་ལེགས་སུ་གཏོང་བ་དང“འཕེལ་རྒྱས”ཀྱི་སྟོབས་ཤུགས་གསོག་འཇོག་བྱེད་པ“འགན་ལེན”གྱི་མཐའ་ཚད་སྲུང་བ་བཅས་བྱས་ཏེ། སྲིད་ཇུས་བརྟན་པོ་མུ་མཐུད་ལག་ལེན་བསྟར་ནས་འགན་འཁྲི་ནན་དུ་གཏོང་བ་དང་། “དོན་འཁྱོལ་གྱི་གསལ་ཐོ”བཟོ་བ། “ཞབས་ཞུའི་ཆེད་བསྐོས་མི་སྣ”གཏན་འཁེལ། སྲིད་ཇུས་བློ་འདྲི་དང་། འགྲེལ་བཤད། དོན་འཁྱོལ་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། རང་འགུལ་ངང་སྒོ་རྩར་བསྐྱོད་དེ“སྲིད་ཇུས་དྲིལ་བསྒྲགས”བཅས་བྱས་ནས། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་དང་བྱ་ཐབས་སྦབ་ཆ་གཅིག་མི་རེ་རེ་དང་ཁེ་ལས་སུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། མུ་མཐུད་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྣམ་གྲངས་འཆར་འགོད་ཡག་པོ་བྱེད་པ། རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་དང་རྣམ་གྲངས་ཀྱི་གྲབས་གསོག་ལས་དོན་ཏན་ཏིག་སྒྲུབ་པ། མ་དངུལ་རྣམ་གྲངས་ལ་གཏོང་བ་དང་གཙོ་རྒྱུ་རྣམ་གྲངས་ལ་སྤྱོད་རྒྱུ་མཐའ་འཁྱོངས་བྱེད་པ། མཉམ་འབྲེལ་ཞིབ་བཤེར་མཆན་འགོད་ལ་སྐུལ་འདེད་གཏོང་བ། ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། མུ་མཐུད་དམངས་འཚོར་ཕན་འདོགས་པ་དང་དམངས་འཚོའི་འདུ་འགོད་ཆེ་གྲས་ཁག་བཅུ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཐེབས་པའི་འགན་ལེན་དང་། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བརྟན་པོ་ཐུབ་ཚད་95%ཟིན་པའི་འགན་ལེན། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ལ་ཕན་འབྲས་གསར་པ་ཐོན་པའི་འགན་ལེན། ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་བཀག་འགོག་ནུས་ལྡན་དང་གེགས་འགོག་གེགས་སེལ་གྱི་བྱ་ཐབས་དོན་འཁྱོལ་གཏིང་ཟབ་ཐུབ་པའི་འགན་ལེན་བཅས་བྱེད་དགོས། མུ་མཐུད་ཉེན་ཁ་སྔོན་འགོག་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་བ། ཏོག་གསར་གློ་ཚད་རིམས་ནད་ཚན་རིག་དང་མཐུན་པའི་ངང་གནད་སྨིན་སྔོན་འགོག་དང་ཚོད་འཛིན་བྱེད་པ། དངུལ་རྩ་དང་བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་ཧུར་ཐག་བཅས་བྱེད་དགོས།

    ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱིས་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་སྙན་ཞུ་ལག་བསྟར་དོན་འཁྱོལ་བྱེད་པའི་དག་ཐེར་ཇུས་གཞི》(ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མ་ཡིག)ལ་ཞིབ་འཇུག་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ནན་ཤོས་ལག་ལེན་བསྟར་ནས། རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་ཚོད་འཛིན་ལམ་ལུགས་དང་། སྐྱེ་ཁམས་ཁ་གསབ་ལམ་སྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་མ་ལག ལྗང་མདོག་འཕེལ་རྒྱས་ཀྱི་དཔྱད་ཞིབ་མ་ལག་བཅས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། ཡུལ་བབ་དང་བསྟུན་ནས་གད་སྙིགས་རིགས་དབྱེ་གཙང་སེལ་ལ་སྐུལ་འདེད་གཏོང་བ། ལྗང་མདོག་ཕྱིར་སྐྱོད་དང་ཐཱན་ཉུང་འཛད་སྤྱོད་ལ་སྐུལ་མ་གཏོང་བ་བཅས་བྱས་ནས་ཡ་རབས་སྐྱོན་བྲལ་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གཙོ་གནད་ལས་གྲྭའི་རྣམ་གྲངས་ནང་རྒུད་གསབ་ལས་སྤྲོད་ལག་ལེན་ཤུགས་ཆེན་བསྟར་ནས། འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། ཞིང་ལས་དང་གྲོང་གསེབ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། སྐྱེ་ཁམས་ཁོར་ཡུག གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་འཛུགས་སྐྲུན་ཁྱབ་ཁོངས་ལ་དམིགས་པ་དང་། རྫོང་ཁོངས་གཙོ་བོར་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ཞུགས་རྒྱུའི་སྒྲིག་འཛུགས་སྐུལ་སློང་བྱེད་པ། ཕ་ཡུལ་ལ་ལོག་པའི་ཞིང་པ་ལས་མི་དང་། དབུལ་སྒྲོལ་མི་འབོར། དབུལ་ལོག་མི་ཐེབས་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་བཅས་སྔོན་ལ་བསྡུ་བ། སྲིད་ཇུས་དྲིལ་བསྒྲགས་དང་། ཞབས་འདེགས་ཞུ་བ། རྩལ་ནུས་སློབ་པ་བཅས་བྱས་པ་དང་འབྲེལ། ངལ་ནུས་རྩ་འཛུགས་དང་ངལ་རྩོལ་ཐོབ་ཆ་སྤྲོད་པ་སོགས་ལ་གཞིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒུད་གསབ་ལས་སྤྲོད་ཀྱི་བྱ་ཐབས་དོན་འཁྱོལ་གྱིས་ཕན་འབྲས་དངོས་ཐོན་པ་བྱེད་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་དང་། འགན་འཁྲི། སེམས་ནུས་བཅས་དམིགས་སར་འབྱོར་བ་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་འགན་ལེན་བཅའ་ཁྲིམས་གཞི་འཛིན་སར་བྱས་ནས། རང་འགན་ནན་སྒྲུབ་དང་། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། རྨང་གཞིའི་ལས་དོན་ཏན་ཏིག་སྒྲུབ་པ། དམག་ཞབས་ཐིམ་པའི་དམག་མིར་ཞབས་འདེགས་ཞུ་རྒྱུ་འགན་ལེན་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་སུ་དམག་མི་གོང་དུ་བཀུར་བ་དང་དམག་ཞབས་ཐིམ་པའི་དམག་མིར་བརྩི་འཇོག་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་དང་། འབྲུ་རིགས་གྲོན་ཆུང་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི། སྒོ་ཕྱུགས་དང་ཁྱིམ་བྱ་གནས་གཏན་འཁེལ་གྱིས་བཤས་གཏོང་བའི་དོ་དམ་བྱ་ཐབས་སོགས་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།