དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-02

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཀྱི་ཆེད་དོན་ཚོགས་ཆུང་གི་2022ལོའི་ལོ་སྟོད་ཀྱི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ་དང་། རང་སྐྱོང་ལྗོངས་ཀྱི་ཚན་རྩལ་སྒྲིག་གཞི་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་འགག་སྒྲོལ་ཇུས་གཞི་དང་ལྗོངས་ཡོངས་ཀྱི་རྫོང་རིམ་པའི“འགན་ལེན་གསུམ”གྱི་ལས་དོན་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་མ་ཟད། འབྲེལ་ཡོད་ཀྱི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་མོང་ཞའོ་ལིན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས། དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱེད་པ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གཙོ་གནད་དང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བར་བྱེད་པའི་རྩ་བའི་བྱེད་ཐབས། ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེར་གཏོང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་བཅས་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་བཅས་བྱས་ནས། སྲིད་གཞུང་གི་འགན་ནུས་བསྒྱུར་བར་གང་མགྱོགས་སྐུལ་འདེད་བཏང་ནས་ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས་པ་དང་། རྒྱུ་ཆ་གཙོ་བོ་ཁྲོམ་ར་ཅན་གྱི་བཀོད་སྒྲིག་སྒྱུར་བཅོས་ནུས་ལྡན་དང་མགྱོགས་མྱུར་ལག་ལེན་བསྟར་ཏེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཐུབ་པར་བྱས་ནས་རང་ལྗོངས་ཀྱིས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་གང་མགྱོགས་བསྐྲུན་རྒྱུའི་ལག་བསྟར་བསམ་འཆར་ཞིབ་འཇུག་བྱས་ནས་འདོན་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་འགན་གཙང་བླངས་པའི་ས་ཞིང་དང་ཁང་སའི་དབང་གསུམ་ལོགས་སུ་འཛུགས་རྒྱུ་གཙོ་གནད་དུ་བྱས་ཏེ་ཞིང་ལས་དང་གྲོང་གསེབ་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་དགོས། ལྗོངས་ཡོངས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་ལས་རིགས་སྒྱུར་བཅོས་དང་བསྐྱར་སྒྲིག་གང་མགྱོགས་བྱས་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་མཇུག་བསྡུའི་ལས་དོན་ཡག་པོ་སྒྲུབ་པ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚན་རྩལ་གསར་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱི་སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། ཚན་རྩལ་ཞིབ་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཚད་བརྒལ་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཁ་གཏད་རོགས་སྐྱོར་དང་རྣམ་གྲངས་གལ་ཆེན་གྱི་ལག་རྩལ་གསར་གཏོད་སོགས་ཀྱི་ལས་སྟེགས་ཀྱི་ནུས་པ་ཡག་པོ་འདོན་པ། ཐོན་སློབ་ཞིབ་གསུམ་གྱི་མཐུན་སྦྱོར་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། ཚན་རྩལ་གྱི་གྲུབ་འབྲས་དེ་བས་མང་བ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཚན་རྩལ་གསར་གཏོད་སྒུལ་ཤུགས་ཨང་དང་པོའི་ནུས་པ་གང་ལེགས་འདོན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།