ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཞེ་གཅིག་པ་ལྷ་སར་གྲོལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། བསྟན་ཁོ། འོད་ཟེར། ཅི་གོ་ཀང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་བཅས་དང་། དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། མི་དོན་བསྐོ་འཐེན་གྱི་དོན་གནད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ་རྡོ་རྗེ་ཚེ་སྒྲུབ་ཀྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་གོ་གནས་ཕྱིར་འཐེན་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་ཐོག་བློ་བཟང་རྒྱལ་མཚན་གྱིས་གསར་དུ་བསྐོ་གཞག་བྱས་པའི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣར་བསྐོ་གཞག་ཡི་གེ་སྤྲད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་ཁས་ལེན་གནང་བར་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བར་དྲིན་ལན་འཇལ་དགོས། དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། དྲང་སྲུང་གསར་གཏོད། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
ཚོགས་འདུའི་རིང་། བློ་བཟང་རྒྱལ་མཚན་གྱི་བཀའ་མངགས་ལྟར་ཏིང་ཡེ་ཤན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས་101གཙོ་སྐྱོང་གནང་བ་མ་ཟད། མཇུག་འགྲིལ་ཚོགས་འདུར་བརྡས་ཐག་གཅོད་རྒྱུར་འབུལ་བའི་དོན་ཚན་ལ་ཞིབ་འཇུག་གནང་བ་རེད།