དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-07-27

    ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ《སྲོལ་ཡིག》དྲིལ་བསྒྲགས་ཁྱབ་གདལ་དང་ལག་བསྟར་དོན་འཁྱོལ་བྱེད་པར་སྔར་བས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཏིང་ཡེ་ཤན་དང་། ནོར་བུ་དོན་གྲུབ། འོད་ཟེར། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཐང་མིང་དབྱིང་བཅས་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དྲུང་ཆེ་ལིའུ་ཀོང་ཤུས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་རྡོ་ཐོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ཁྲིམས་འཛིན་ཐིང་། སྐྱེ་ཁམས་ཁོར་ཡུག་ཐིང་། གྲོང་ཁྱེར(ས་ཁུལ)བདུན་གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་། ཁེ་ལས་ཀྱི་འཐུས་མི། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་རང་རང་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《སྲོལ་ཡིག》ལག་བསྟར་བྱས་ནས་ལོ་གཅིག་སོང་རིང་ཐོབ་པའི་འཕེལ་རིམ་གསར་པ་དང་། ཕན་འབྲས་གསར་པ། ཉམས་མྱོང་གསར་པ་བཅས་ཀྱི་ཐད་སྤེལ་རེས་གཏམ་བཤད་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ལོ་གཅིག་སོང་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས《སྲོལ་ཡིག》སློབ་སྦྱོང་དྲིལ་བསྒྲགས་རྒྱ་ཁྱབ་དང་ལག་བསྟར་གཏིང་ཟབ་བྱས་ཡོད། གོམ་སྟབས་རྗེས་མར་ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དང་བླང་བྱ་གཞིར་བཟུང་། ལག་བསྟར་འཕེལ་རྒྱས་དང་སྲུང་སྐྱོང་མཐུན་སྦྱོར་མཉམ་གནས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཕན་འབྲས་དངོས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕན་འབྲས་ཆེ་བའི་བཅོས་སྐྱོང་ཐུབ་པ། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པ་བཅས་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་བླང་བྱ་རྣམས་ལས་དོན་ཁག་གི་ཁྲོད་དོན་འཁྱོལ་བྱས་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། འགན་འཁུར་ལས་སྒྲུབ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱ་གཞིར་ཏན་ཏིག་བྱས་ནས་ཕུགས་ལ་དམིགས་ཏེ《སྲོལ་ཡིག》ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་ལ་གཞི་ཚུགས་ནས་དག་ཞིང་སྲུང་སྐྱོང་ཡག་པོ་བྱེད་པ་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་པའི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་། བསམ་བློའི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ། སློབ་སྦྱོང་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ《སྲོལ་ཡིག》ལག་བསྟར་དོན་འཁྱོལ་བྱེད་པའི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།