རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བརྗེ་རེས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བརྗེ་རེས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གནས་ཚུལ་སྙན་ཞུ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཞུགས་པ་རེད།
ཀྲོང་ཡན་གྱིས་གསུངས་དོན། ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ལ་དམིགས་ཏེ་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་།
བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ནི་བོད་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་གི་གྲུབ་ཆ་གལ་ཆེན་ཞིག་རེད། བོད་སྐྱོར་ལས་དོན་སྤེལ་ནས་ལོ་28སོང་རིང་དང་ལྷག་པར་དུ་2019ལོའི་ཁག་དགུ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་རང་འགན་ནན་སྒྲུབ་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་དང་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བརྗེ་རེས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་དང་བླང་བྱ་ཐེངས་མང་བཏོན་གནང་བ་རེད། ཁག་དགུ་པ་དང་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བརྗེ་རེས་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ལས་དོན་ཁག་ཡག་པོ་སྒྲུབ་དགོས།
ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། འབྲེལ་གཏུག་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆེན་པོ་ཞིག་ཏན་ཏིག་ཆགས་པ་བྱས་ནས་ལས་འགན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་ཞིབ་ཕྲ་དང་ཏན་ཏིག་ངང་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ས་མཐོའི་བདེ་ཐང་འཕྲོད་སྦྱོར་དང་འགྲིམ་འགྲུལ་འགྲོ་སྐྱོད་བདེ་འཇགས་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་བསྐྲུན་ནས་ལས་ཀ་དང་འཚོ་བའི་ཆ་རྐྱེན་བཟང་པོ་མཁོ་འདོན་བྱས་ཏེ་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་བློ་བདེ་པོའི་ངང་བོད་དུ་ལས་ཀ་བྱེད་ཐུབ་པ་བྱེད་དགོས།