ཚེས་22ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་འབྲས་སྤུངས་དགོན་གྱི་རྒན་གསོ་ཁང་དུ་ཕེབས་ནས་དགེ་འདུན་པ་ཚོར་གཟིགས་པ་དང་འབྲེལ་འཚམས་འདྲི་གནང་ཞིང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་དགོན་སྡེའི་དགེ་འདུན་པ་ཚོ་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་གནང་བ་རེད།
བློ་བཟང་རྒྱལ་མཚན་གྱིས། 2021ལོའི་ཟླ་7ཚེས་22ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་འབྲས་སྤུངས་དགོན་དུ་ཕེབས་ནས་བོད་ཀྱི་ཆོས་ལུགས་ལས་དོན་དང་དེ་བཞིན་འབྲས་སྤུངས་དགོན་གྱི་དགོན་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་གསར་གཏོད་བྱས་ཚུལ་གྱི་སྙན་སེང་གསན་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་བརྒྱུད་ནང་བསྟན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་ཡོད།
ལོ་གཅིག་རིང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ཏང་གི་ཆོས་ལུགས་སྲིད་ཇུས་དང་རྒྱལ་ཁབ་ཀྱིས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དོན་འཁྱོལ་ཏན་ཏིག་བྱེད་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་ཚན་རིག་དང་མཐུན་པར་འཆར་འགོད་དང་བཀོད་སྒྲིག་སྐུལ་འདེད་གཏོང་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བཅས་བྱས་ཏེ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་ཅེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་དང་དགོན་སྡེའི་དགེ་འདུན་པ་ཚོས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲས་སྤུངས་དགོན་དུ་གཟིགས་ཞིབ་གནང་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོའི་ནང་ཧུར་ཐག་ཞུགས་དགོས། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ་བརྒྱུད་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། ཞི་མཐུན་ལ་སྐུལ་འདེད། ཐོས་བསམ་ཆེ་བ། རྒྱལ་སྐྱོང་འགྲོ་ཕན་བཅས་ཀྱི་དཔེ་བཟང་དུ་འགྱུར་བར་བྱེད་དགོས། “ཕན་ཡོད་ལྔ”ཚད་གཞིར་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། “མོས་སེམས་ལྔ”ཆེ་རུ་གཏོང་བ་བཅས་བྱེད་དགོས། ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ། ཁྲིམས་ལྟར་བོད་སྐྱོང་དང་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྤྱི་དམངས་ཀྱི་དབང་ཆ་ཡང་དག་ངང་སྤྱོད་པ་དང་། སྤྱི་དམངས་ཀྱི་འོས་འགན་རང་རྟོགས་ངང་སྒྲུབ་པ། བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་སྟངས་དང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་ཆོས་ལུགས་ཀྱིས་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། དད་ལྡན་མང་ཚོགས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་རྒྱུར་དེ་བས་ཕན་ཐོགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།