རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་16ཉིན། ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།
ལེ་ཀུའེ་ལུང་དང་། ཚེ་སྨོན་གླིང·བསྟན་འཛིན་འཕྲིན་ལས། ཅང་ཅེ། པད་མ་དབང་འདུས། ཝང་ཡ་ལིན། སངས་རྒྱས་གྲགས་པ། སྒྲོལ་དཀར། ཏུའུ་ཅན་ཀུང་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་རྒྱལ་ཡོངས་ས་གནས་སྲིད་གྲོས་ཀྱི་དྲུང་ཆེའི་ལས་དོན་སྤེལ་རེས་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཀྲུང་དབྱང་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་ལས་དོན་གཙོ་བོའི་གནས་ཚུལ་བརྡ་ཁྱབ་བཏང་བ། རྫོང(ཆུས)སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་ཁག་གཅིག་གིས་སྤེལ་རེས་གཏམ་བཤད་བྱས་པ་མ་ཟད། ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་ཡང་བྱས་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུ་དེ་དུས་ཡུན་རིང་པོའི་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ཏེ། རྒྱུན་མི་ཆད་པར་སློབ་སྦྱོང་བྱེད་པའི་ཁྲོད་དུ་ངོས་འཛིན་མཐོར་གཏོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་དུ་གོ་བ་གཏིང་ཟབ་ལོན་པར་བྱས་ནས། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་སྒྲུབ་དགོས་པ་དང་། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་པར་སྒྱུར་བར་སྔར་བས་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་ཡོང་བར་བྱེད་དགོས་པའི་བླང་བྱ་ལག་ལེན་བསྟར་ཏེ། གྲོས་མོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོས་མོལ་བྱེད་ཐབས་མུ་མཐུད་གསར་གཏོད་བྱེད་པ། གྲོས་མོལ་གྱི་རྣམ་པ་ཟབ་མོ་གཏོད་པ། གྲོས་མོལ་སྲིད་གླེང་ཁྲོད་ཀྱི་བརྟག་ཞིབ་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྲིད་དོན་ཇུས་འབུལ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།
འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་བེད་སྤྱོད་གང་ལེགས་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཡོང་བར་བྱེད་པ། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ཆབ་སྲིད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་བྱས་པ་རེད།
ཚོགས་འདུའི་ཐོག་སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་ཆབས་ཅིག དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ། གཞི་རིམ་སྲིད་གྲོས་ལས་དོན་གྱི་རྨང་གཞི་ཞན་པ་དང་མི་སྣའི་སྟོབས་ཤུགས་ཆུང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ཧྲིལ་པོའི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་རྣམ་པ་གསར་པ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།