དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆི་བོད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-22

    ཚེས་19ཉིན། རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་གཏོང་ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་ལྷ་སར་འཚོགས་པ་དང་། གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་ཉེ་དུས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྙན་སེང་ཉན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཁྲེན་ཡུང་ཆིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་ངོས་འཛིན་གསལ་པོ་ཡོང་བར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཚན་རིག་དང་མཐུན་ལ་གནད་སྨིན་ངང་ཡག་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གསར་པ་ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ཤེས་རྟོགས་དང་སྟངས་འཛིན་བྱས་ཏེ་རིམས་ནད་སྔོན་འགོག་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས། གསོ་སྦྱོང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་ཁག་དགུ་པ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། ཕྱི་ནས་མ་འགོས་པའི་འགག་རྩ་དེར་དམ་འཛིན་ཡག་པོ་བྱེད་པ་དང་། བོད་དུ་ཡོང་མཁན་གྱི་དགོངས་སྐོར་སྙན་སེང་ལས་དོན་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོད་བགྲོད་ལམ་འགག་སྒོའི་འཛུལ་སྒོ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཐའ་མཚམས་འགག་སྒོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། མི་དང་དངོས་པོ། ཁོར་ཡུག་བཅས་མཉམ་དུ་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཕྱི་ནས་མ་འགོས་པ་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་ཚོགས་ཐོག་གི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། རྩ་གཉིས་རྟགས་རིགས་བཤེར་བ་དང་། ཚ་བ་ལྟ་བ། ཁ་རས་རྒྱག་པ། སྨི་གཅིག་བར་ཐག་འཇོག་པ། གནས་ཡུལ་བཤེར་རྟགས་བཤེར་བ་སོགས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་དགོས། གཙོ་གནད་ཁུལ་དང་མི་ཚོགས་འདུ་འཛོམས་ཆེ་ས་དང་། གཙོ་གནད་ལས་ཞུགས་མི་སྣའི་ཉིང་སྐྱུར་བརྟག་དཔྱད་བྱེད་ཐེངས་མང་དུ་བཏང་སྟེ། གཅིག་སྡུད་རང་བཞིན་གྱི་རིམས་ནད་ཐོན་རྒྱུར་སྔོན་འགོག་ནན་པོ་བྱེད་དགོས། ཕོ་བྲང་པོ་ཏ་ལ་སོགས་གཙོ་གནད་མཛེས་ལྗོངས་ཁུལ་གྱི་དོ་དམ་ལེགས་སུ་བཏང་ནས། ཞབས་ཞུའི་ཆུ་ཚད་དང་ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། རིམས་འགོག་སྨན་ཁབ་རྒྱག་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ལོ་60ཡན་གྱི་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་གཙོ་གནད་ཐོག་ཡག་པོ་བསྒྲུབས་ཏེ་རིམས་འགོག་གི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་དགོས། འཛུགས་སྐྱོང་ལ་ཤུགས་སྣོན་དང་ནང་སྦྱོང་ཡག་པོ་བྱས་ནས། རིམས་ནད་ཀྱི་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།