དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་ཡིག་འབུལ་ཞུ་བཅར་ལ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-22

    མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལེགས་སུ་བཏང་ནས་དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།

    ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་སུ་ཡིག་འབུལ་ཞུ་བཅར་ལ་ཡོང་མཁན་མང་ཚོགས་ལ་སྣེ་ལེན་ཞུས་ཤིང་། ཁོང་གིས། མི་དམངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་ཆེད་དཀའ་ངལ་མཉམ་དུ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལེགས་སུ་གཏོང་བ། དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སེམས་ནུས་གཅིག་ཏུ་བསྒྲིལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ཀྱི་ཡིག་འབུལ་ཞུ་བཅར་སྣེ་ལེན་ཁང་དུ་ཝང་ཅུན་ཀྲེང་གིས་མང་ཚོགས་ཀྱིས་ཞུས་པའི་རེ་ཞུ་ངང་རྒྱུད་རིང་པོས་གསན་ནས། ཡིག་འབུལ་ཞུ་བཅར་གནད་དོན་གྱི་འབྱུང་རྐྱེན་དང་འབྱུང་ལུགས་འབྱུང་སྟངས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ས་གནས་ས་ཐོག་ཏུ་ཐག་གཅོད་བྱེད་ཐབས་ཞིབ་འཇུག་གནང་སྟེ་འབྲེལ་ཡོད་སྡེ་ཚན་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་མང་ཚོགས་ཀྱིས་ཞུས་པའི་གནད་དོན་ལུགས་མཐུན་ངང་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི་སྒོ་རྩར་བསྐྱལ་བའི་མང་ཚོགས་ཀྱི་ལས་དོན་ཞིག་དང་། ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག ཏང་དང་སྲིད་གཞུང་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྡུད། དམངས་ཀྱི་ཁེ་ཕན་སྲུང་སྐྱོང་། དམངས་ཀྱི་སེམས་པ་གཅིག་སྒྲིལ་བཅས་ཀྱི་ལས་དོན་གལ་ཆེན་ཞིག རིམ་ཁག་ལས་ཁུངས་དང་། ཚན་པ། དེ་བཞིན་འགོ་ཁྲིད་ལས་བྱེད་པ་དང་ལས་དོན་མི་སྣ་བཅས་ཀྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལས་ཀའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་རང་རྟོགས་ངང་ཆེ་རུ་གཏོང་བ། འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུར་མཐོང་ཆེན་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འགན་ཟླ་འདུམ་སྒྲིག་དང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས་པ་སྟེ།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་དགོས་ཤིང་། མང་ཚོགས་ཉེ་འགྲམ་གྱི་དོན་དག་ཆུང་ཙག་དག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རྟོགས་ངང་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ཀྱི་ལམ་ཕྱོགས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་འཇོག་དགོས། ལས་ཞུགས་དང་། སྡོད་ཁང་། སློབ་གསོ། སྨན་བཅོས་སོགས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་དངོས་ཡོད་གནད་དོན་ལ་དམིགས་ཏེ་གནད་ས་སྒྲོལ་བ་དང་། འགག་ས་གཤོང་བ། ཞན་ཆ་སེལ་བ། དོ་སྙོམས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་ཞུ་དང་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་སྲུང་ཐུབ་པ་བཅས་ཡོང་བར་བྱེད་དགོས།

    ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་། མང་ཚོགས་ཀྱི་རེ་ཞུ་ལུགས་མཐུན་ཡིན་རིགས་གནད་དོན་ཐག་གཅོད་གནད་ལ་འཁེལ་བ་དང་། རེ་ཞུ་ལུགས་མཐུན་མིན་རིགས་བསམ་བློའི་སློབ་གསོ་གནད་ལ་འཁེལ་བ། འཚོ་བར་དཀའ་ངལ་ཡོད་རིགས་ལ་རོགས་སྐྱོར་རོགས་སྐྱོབ་གནད་ལ་འཁེལ་བ། ཁྲིམས་འགལ་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱེད་པ་བཅས“གནད་ལ་འཁེལ་བ་གསུམ་དང་ཐག་གཅོད་གཅིག”གི་མཛུབ་སྟོན་བྱེད་ཕྱོགས་དང་ལས་ཀའི་བླང་བྱ་གཞིར་བཟུང་། མང་ཚོགས་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་དང་ཡིག་འབུལ་ཞུ་བཅར་གྱི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཁྲིམས་བཅས་གཞིར་བཟུང་མང་ཚོགས་ཀྱི་གནད་དོན་དུས་ཐོག་དང་འོས་འཚམ་ངང་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་དགོས།

    འབྱུང་རྩ་ནས་བཅོས་སྐྱོང་དང་འགལ་ཟླ་སེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཡིག་འབུལ་ཞུ་བཅར་ལས་དོན་གྱི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་རེ་ཞུ་བྱེད་སྟངས་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་སྲུང་བཅས་ཀྱི་བགྲོད་ལམ་ཤར་གཏོང་དང་ཚད་ལྡན་དུ་གཏོང་བ། འབྱུང་རྩ་ནས་སྔོན་འགོག་དང་འགལ་ཟླ་ཆུང་དུས་ནས་སེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འགལ་ཟླ་གཞི་རིམ་དུ་སེལ་བ་དང་གནད་དོན་ཐོན་མ་ཐག་ཐག་གཅོད་ཏན་ཏིག་བྱེད་དགོས། ཟུར་བསྟན་ལེབ་མཐོང་མཐའ་འཁྱོངས་བྱས་ཏེ། དཔེ་མཚོན་དུ་གྱུར་པའི་ཡིག་འབུལ་ཞུ་བཅར་གྱི་གྱོད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། ཡིག་འབུལ་ཞུ་བཅར་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། “གནད་དོན་གཅིག་ཐག་གཅོད་བྱས་ནས་གནད་དོན་ཁག་གཅིག་ཐག་གཅོད་བྱེད་པར་སྐུལ་ཁྲིད་ཐུབ་པར”བྱེད་དགོས། ངལ་རྩོལ་ལྟ་ཞིབ་སྡེ་ཚན་གྱིས་ལས་གྲྭའི་རྣམ་གྲངས་ལ་ལྟ་འདོམས་ནན་པོ་བྱེད་པ་དང་། གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་བྱེད་པའི་ལས་དོན་ལ་སྟབས་བསྟུན་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ། གླ་ཆ་འགྱངས་ཆད་ཀྱི་གནད་དོན་ཐོན་རྒྱུ་འབྱུང་རྩ་ནས་སྔོན་འགོག་བྱེད་དགོས།

    ཝང་ཅུན་ཀྲེང་གིས། ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་དོན་འཁྱོལ་བྱ་རྒྱུ་སྒྲིག་འཛུགས། ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐུན་སྦྱོར། ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་སྐུལ་འདེད། ཕྱོགས་ཁག་གིས་དོན་སྤྱི་སྒྲུབ་དང་འཁུར་མཉམ་ལེན་བཅས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྣམ་པ་གཏོད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། “གཏོགས་ཁོངས་དོ་དམ་དང་། རིམ་དབྱེ་འགན་འཁུར། སུས་གཙོ་གཉེར་བྱས་ན་དེས་གཙོ་འཁུར་བ”བཅས་ཀྱི་རྩ་དོན་གཞིར་བཟུང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་འགན་འཁྲི་ཏན་ཏིག་འཁུར་བ་དང་རང་འགན་གཙང་སྒྲུབ་བྱེད་དགོས། རིགས་པའི་གཞུང་ལུགས་དང་ལས་སྒོའི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཡིག་འབུལ་ཞུ་བཅར་གྱི་ལས་སྒོ་གཉེར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཏང་ལ་བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པ་དང་། དམངས་ཀྱི་དོན་དུ་འགན་འཁྲི་ནན་པོ་སྲུང་བ། མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།