དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-20

    ཚེས་18ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ལག་བསྟར་བསམ་འཆར་ལ་ཞིབ་འཇུག་གནང་བ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་དང་། རྡོ་ཐོགས། འོད་ཟེར། ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་དང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཐང་མིང་དབྱིང་། ཏང་ཙུའི་ཁོངས་མི་དྲུང་ཆེ་ལིའུ་ཀོང་ཤུས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། རང་ལྗོངས་ཀྱི་གོང་འོག་ཚང་མས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་གལ་ཆེའི་དུས་སྐབས་སུ། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་སྐུ་ངོ་མ་བོད་དུ་ཕེབས་ནས་སྔ་རྗེས་སུ་ཉིང་ཁྲི་དང་། གཞིས་རྩེ། ལྷ་ས་གྲོང་ཁྱེར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་བཅས་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཞི་ཚུགས་ཏེ་དུས་རབས་གསར་པའི་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་སྟོན་དང་བླང་བྱ་ཁ་གསལ་བཏོན་གནང་ཡོད། དེ་ཐོག་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་པོ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར། བོད་ཀྱི་མི་དམངས་འཐུས་ཚོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བཅས་གནང་ལུགས་གང་ལེགས་མཚོན་ཡོད། ང་ཚོས་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་བོད་དུ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། དུས་རབས་གསར་པའི་བོད་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཤུགས་རྒྱག་ས་གནས་འཁེལ་འཚོལ་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ནུས་ཕྱོད་ལ་དེ་བས་ལེགས་པའི་སྒོ་ནས་སྒྱུར་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དེ་བས་ཕྱོགས་ཡོངས་དང་། དེ་བས་བརྒྱུད་རིམ་ལྡན་པ། དེ་བས་ནུས་ལྡན་བཅས་ཀྱི་ཁྲིམས་སྐྱོང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་བཏང་ནས། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་པ་དང་། “སྲུང་སྐྱོང་གཉིས”ལག་ལེན་རྣམ་དག་བསྟར་བའི་མཐོ་ཚད་ནས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རྒྱལ་ཁབ་མཐུན་སྒྲིལ་གཅིག་གྱུར་འགན་ལེན་དང་མི་རིགས་ཁག་ཐུན་མོང་ཐོག་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་རིང་ཐོན་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རྩ་བའི་ནུས་པར་ངོས་འཛིན་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ། “སྲིད་གཞུང་གཅིག་དང་། ཨུ་ལྷན་གཅིག ཁང་གཉིས”བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ། མི་དམངས་འཐུས་ཚོགས་ལས་དོན་གྱིས་དེ་བས་ལེགས་པའི་ངང་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཐུབ་པའི་འགན་ལེན་བྱེད་པ་བཅས་ལ་བརྟེན་ནས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།