དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-20

    ◆ ཤེས་སྦྱོར་གཅིག་མཐུན་དང་། དམ་པ་དོན་གཉེར། རྒྱུན་སྲིང་ལྷོད་མེད་བཅས་ཀྱི་སྒོ་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་ནས་ལོ་གཅིག་འཁོར་ཉེར་ཡོད་པའི་མཚམས་སུ། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་གནང་སྟེ་ལྗོངས་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པའི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་པ་དང་། གོམ་སྟབས་རྗེས་མའི་སློབ་སྦྱོང་ལག་བསྟར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཤེས་སྦྱོར་གཅིག་མཐུན་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་རྒྱུན་སྲིང་ལྷོད་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པ་དང་། ལག་བསྟར་དོན་འཁྱོལ་གྱི་འགྱུར་མེད་རང་བཞིན་དང་། རང་རྟོགས་རང་བཞིན། ལས་འགན་སྒྲུབ་སེམས། འགན་འཁྲི་འཁུར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནས་ཚུལ་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་མ་ཟད། སྐུ་ངོ་མས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས། ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་ཡང་གནང་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་ལ་དམིགས་པ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་པ། ཏང་ཨུད་ཀྱིས་སྤྱི་ཡོངས་ལ་དམ་འཛིན་དང་། ཆེད་དོན་ཚན་ཁག་གིས་སྐུལ་འདེད་གཏོང་བ། རྗེས་སྙེག་བྱས་ནས་ཕན་འབྲས་འདྲི་བ། དོན་འཁྱོལ་ལ་དམ་འཛིན་བཅས་མཐའ་འཁྱོངས་ཀྱིས་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་པར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པའི་རྩ་བ་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་དང་སྣེ་ཁྲིད་མཁན་གནང་བ་དང་། རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚུགས་གནས་མཐོ་རུ་དང་ཟབ་སྦྱོང་མཐིལ་རྟོགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་གོ་བ་ལེན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་གཟིགས་རྒྱང་རིང་བ་དང་། སྤྱི་ཡོངས་ལ་སྤྱི་འདོམས། དགོངས་པ་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། བོད་ཀྱི་མིག་སྔ་དང་སླད་ཕྱིན་འཕེལ་རྒྱས་ཀྱི་སྤྱིའི་གཞི་འཛིན་ས་དང་སྤྱིའི་ཕྱོགས་སྟོན་ཞིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མུ་མཐུད་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་བའི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་བ་ཤེས་རྟོགས་གཏིང་ཟབ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ཐད་གནང་བའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། བོད་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཤེས་སྦྱོར་གཅིག་མཐུན་དང་དམ་པ་དོན་གཉེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཡང་ཡང་བསྡུར་ནས་གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་གཙོ་གནད་ལས་འགན་མངོན་གསལ་དོད་པོ་ཡོང་བ་དང་། ལས་ཀའི་བྱེད་ཐབས་གསར་གཏོད། ཆེད་ཚན་ཅན་དང་། གསལ་ཐོ་ཅན། རྣམ་གྲངས་ཅན། གཞི་རྟེན་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བྱ་བ་ཚང་མར་ཕན་འབྲས་ཐོན་པ་དང་ལོ་ལྟར་འགྱུར་ལྡོག་ཡོང་བའི་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་རྒྱུན་འཁྱོངས་དང་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དུས་བབ་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ཏེ་སྲིད་ཇུས་དང་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་བསྒྱུར་ཏེ་མི་རིགས་ཁག་གི་མི་དམངས་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་དང“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་སྐྱེ་ཁམས་བཅས་ཡིན་པར་ཤེས་རྟོགས་གཏིང་ཟབ། ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། ས་མཐོའི་སྲོག་ཆགས་དང་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་མཐའ་འཁྱོངས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ཁྱབ་ཁོངས་དེ་བས་ཆེ་བ་དང་རིམ་པ་དེ་བས་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་མཐའ་འཁྱོངས་དང“ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་ཐད་ཐབས་ལམ་ཡོད་པ། མཐའ་སྲུང་ཐད་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ཐད་འདེགས་སྐྱོར་ཡོད་པ་བཅས་ཀྱི་བཀོད་པ་གསར་པ་བཏོད་དེ་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་དང་མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་འགན་ལེན་བྱེད་དགོས། ཏང་གཤིས་ལ་ཞུན་བརྡར་ཐུབ་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་དོན་འཁྱོལ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ཀྱི་ལེགས་ཆ་ཟབ་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་གཏོང་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”ཐུབ་པར་ཞིབ་བཤེར་བྱེད་པའི་ཚད་ཤིང་གལ་ཆེན་དུ་བརྩིས་ནས་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དོན་ཐོག་ཏུ་འཁྱོལ་བ་དང་མདུན་གྲལ་དུ་སྐྱོད་པའི་བྱ་སྤྱོད་དངོས་བཅས་ལ་བརྟེན་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཇི་མ་ཇི་བཞིན་སློབ་སྦྱོང་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་མཐའ་འཁྱོངས་བྱས་ཏེ་དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བ་དང་བྱེད་ཐབས་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་དང་ཕན་འབྲས་དངོས་ལ་ཏན་ཏིག་འགྱུར་བར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་རིམ་པ་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་ཚོས“མིག་དཔེ་དྲུག”ལག་ལེན་གཏིང་ཟབ་བསྟར་ནས་སྣེ་ཁྲིད་དེ་སློབ་སྦྱོང་དང་ལག་བསྟར་དང་སྣེ་ཁྲིད་དེ་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པར་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས། གཞི་རིམ་དང་། ལག་ལེན། དངོས་སྒྲུབ། ལས་རྗེས། འགན་འཁུར་བཅས་ལ་མཐོང་ཆེན་བྱེད་པའི་སྟོན་ཕྱོགས་བརྟན་པོར་བཙུགས་ཏེ་འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་དཔའ་བོ་གླེང་བ་དང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། དོན་འཁྱོལ་ལ་དམ་འཛིན་གྱི་ནུས་པ་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ས་ཁུལ་དང་སྡེ་ཚན་དེ་གའི་ཞིབ་ཕྲའི་བྱེད་ཐབས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞི་རིམ་དུ་དོན་འཁྱོལ་དང་གཞི་རིམ་དུ་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ནན་པོ་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ནན་པོ་མི་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་། བྱས་རྗེས་མངོན་གསལ་འཇོག་མཁན་ལ་བྱ་དགའ་སྤྲོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་འགོག་པ། སྒྲུབ་དང་མི་སྒྲུབ་ལ་ལྟ་སྟངས་གཅིག་པ་འཛིན་པ་དང་། སྒྲུབ་མང་བ་དང་སྒྲུབ་ཉུང་བར་ལྟ་སྟངས་གཅིག་པ་འཛིན་པ། ཡག་པོ་སྒྲུབ་པ་དང་ཡག་པོ་མི་སྒྲུབ་པར་ལྟ་སྟངས་གཅིག་པ་འཛིན་པ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། བཙན་ཞིང་ནན་པའི་སྒྲིག་ཁྲིམས་དང་བླང་བྱར་བརྟེན་ཏེ་ལས་དོན་ཁག་གི་བཀོད་སྒྲིག་ལ་ཏན་ཏིག་དང་ནུས་ལྡན་ངང་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།