ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་མངགས་སྡོད་སྒྲིག་གཞིའི་ལས་དོན་སྒྲིག་སྲོལ》སློབ་སྦྱོང་དང་ལག་བསྟར་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། 《སྒྲིག་སྲོལ》ནང་ཏང་ཀྲུང་དབྱང་གིས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་། དེ་ནི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་མངགས་སྡོད་སྒྲིག་གཞིས་སྒྲིག་སྲོལ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་སྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་མངགས་སྡོད་ལྟ་སྐུལ་ལས་དོན་སྤུས་ཚད་ལེགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ལྷག་པར་དུ་མངགས་སྡོད་སྒྲིག་གཞིས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་མངགས་སྡོད་སྒྲིག་གཞིའི་རྩ་འཛུགས་སྒྲིག་འགོད་དང་། འགོ་ཁྲིད་སྒྲིག་སྲོལ། ལས་ཀའི་འགན་འཁྲི། འགན་འཁྲི་སྒྲུབ་རིམ། དོ་དམ་ལྟ་སྐུལ་བཅས་ཁོང་དུ་གནད་འཁེལ་ཆུད་པར་བྱས་ནས་མངགས་སྡོད་ལྟ་སྐུལ་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་། ཆབ་སྲིད་ཀྱི་ངེས་གནས། འགན་འཁྲི་དང་ལས་འགན་བཅས་ཁོང་དུ་གཏིང་ཟབ་ཆུད་པ་དང་། ཏང་གི་འགོ་ཁྲིད་རང་རྟོགས་ངང་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་འགན་འཁྲི་ཡང་དག་འཁུར་བ། འཁོར་སྐྱོད་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། མངགས་སྡོད་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་མངགས་སྡོད་ལྟ་སྐུལ་ལས་དོན་སྤུས་ཚད་ལེགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་གྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཁང་དོན་ཚོགས་འདུ། རྩ་འཛུགས་ཀྱི་ལས་དོན་ཚོགས་འདུ། ཀྲི་པུའི་ཚོགས་འདུ་སོགས་འཚོགས་ནས་ཁྱོན་ཡོངས་ལ་ཁྱབ་པའི་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་སྒྲིག་འཛུགས་བྱེད་དགོས། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་རང་ཉིད་དེའི་ནང་ཞུགས་པ་དང་། འགན་འཁྲི་དེའི་ནང་འཇུག་པ། ལས་དོན་དེའི་ནང་འཇུག་པ་བཅས་བྱས་ནས་དོན་ཚན་རེ་རེ་བཞིན《སྒྲིག་སྲོལ》གྱི་གཏན་འབེབས་བླང་བྱ་དང་བསྡུར་ཏེ་ཧེ་བག་འཚོལ་བ་དང་། ཞན་ཆ་སེལ་བ། ཉམས་ཞན་གསབ་པ་བཅས་ཀྱི་སྒོ་ནས་དངོས་སུ་ཐོན་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ“འཚོལ་ཤེལ”གྱི་ནུས་པ་གནད་ལ་འཁེལ་པོས་འདོན་དགོས། མངགས་སྡོད་སྒྲིག་གཞི་ཚད་གཞི་ཅན་དང་། ཁྲིམས་སྐྱོང་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རང་ངོས་དོ་དམ་དང་གཅུན་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ས་མཐོའི་མངགས་སྡོད་དམག་ཧྲག་གཏོད་པ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་སུ་དེ་བས་ལེགས་པའི་ངང་བསྒྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།