ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ཆེད་དོན་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་བཞི་པ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་དུས་མཚམས་རྗེས་མའི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་གཙོ་གནད་ལས་འགན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ཀརྨ་ཚེ་བརྟན། བཀྲ་ཤིས་ཟླ་བ། རྒྱ་མཚོ་ལྷ་མོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
བློ་བཟང་རྒྱལ་མཚན་གྱིས་གསུངས་དོན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འབྲེལ་ཡོད་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་ལས་འགན་ཁག་སྤྱི་འདོམས་དོན་འཁྱོལ་བྱས་པར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་བླང་བྱར་གཞིགས་ནས་འགན་འཁྲི་མི་ཐོག་ལ་འཁྱོལ་བ་དང་། སྤྱི་ཡོངས་ཀྱི་མཉམ་ཤུགས་ཆགས་པ། གོ་རིམ་ལྡན་པའི་ངང་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་དང་། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི”རྣམ་པ་བཟང་པོ་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཁྱབ་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་བར་མུ་མཐུད་འབད་བརྩོན་བྱེད་པ་དང་། གྲོང་ཁྱེར་དང་ས་ཁུལ་གྱིས་རྫོང་ལ་དམ་འཛིན་དང་། རྫོང་གིས་ཤང་ལ་དམ་འཛིན། ཤང་གིས་གྲོང་ཚོར་དམ་འཛིན་བཅས་ཀྱི་བྱ་ཐབས་སྤྱོད་པ། འཛུགས་གཏོད་ལས་དོན་གྱི་སྤྱི་ཚོགས་རྩ་འཛུགས་དང་དྲ་རྒྱའི་ཚོགས་སྤྱི་ཡག་པོ་སྐྲུན་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་ཞུགས་པར་སྐུལ་སློང་བཅས་བྱས་ནས་རྣམ་པ་བཟང་པོ་གཏོད་དགོས། ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས“མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ”བཅས་ཡོང་བར་འབད་བརྩོན་བྱས་ཏེ་གསལ་ཐོ་བཟོ་བ་དང་། འགན་འཁྲི་ཁ་གསལ་དང་ལས་འགན་ཞིབ་ཚགས། ལས་ཡུན་ལྡོག་སྒྲིག་དང་འཆར་གཞི་ལྟར་ལས་དོན་སྒྲུབ་པ་བཅས་བྱས་ཏེ། ཆེད་དོན་ཚོགས་ཆུང་གིས་གཏན་འཁེལ་བྱས་པའི་ལས་དོན་བཀོད་སྒྲིག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ནན་པོ་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས།