དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-13

    ◆ དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང“དོན་ཆེན་བཞིར”དམིགས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ཆེད་དོན་ལས་དོན་ཁག་སྤེལ་ཚུལ་གྱི་སྙན་སེང་གསན་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཀྲོང་ཡན། དབང་ཧའེ་ཀྲོའུ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་དང་། རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་སྟེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ”བཅས་འཛུགས་གཏོད་ཀྱི་དམིགས་ཚད་དང་ལས་འགན་བཏོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཆེད་ཚན་ཅན་ལ་བརྟེན་ནས་འཁོར་སྐྱོད་དང་། གསལ་ཐོ་ཅན་ལ་བརྟེན་ནས་དོ་དམ། རྣམ་གྲངས་ཅན་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། བརྟག་ཞིབ་གཏིང་ཟབ་བྱས་ནས་གནས་ཚུལ་མཐིལ་རྟོགས། དོན་དངོས་ལ་གཞི་ཚུགས་ནས་བསམ་ཕྱོགས་གསལ་བཟོ། དམིགས་ཚད་ལ་དམིགས་ཏེ་བྱ་ཐབས་གསལ་བཟོ་བཅས་བྱས་ཏེ་འཛུགས་གཏོད་ལས་དོན་མགྱོགས་མྱུར་འགོ་འཛུགས་པ་དང་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། “འཛུགས་གཏོད་བཞི”ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། བོད་ཀྱི་དོན་དངོས་དང་མཐུན་པ། མི་དམངས་ཀྱི་རེ་སྒུག་དང་མཐུན་པ། དུས་རབས་ཀྱི་བླང་བྱ་དང་མཐུན་པ་བཅས་ཡིན་པ་ལག་ལེན་དངོས་ལས་ར་འཕྲོད་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་བ་དང་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱའི་ཐོག་གཅིག་གྱུར་བྱས་ནས་འཛུགས་གཏོད་ལས་དོན་སྤེལ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང“དོན་ཆེན་བཞིའི”བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དམ་འཛིན་ལ་ཤུགས་སྣོན་རྒྱག་པ། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས། ལས་ཀའི་གཙོ་གནས་མངོན་གསལ་དོད་པ། དཀའ་གནད་ཧུར་ཐག་སེལ་བ་བཅས་བྱས་ནས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་སྤྱོད་ཚུལ་ལ་བརྟེན་ནས་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་སྔོན་འགྲོར་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་སྐུལ་འདེད་གཏོང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་ཆ་རྐྱེན་ཨང་དང་པོར་བརྩི་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་རྒྱུ་དེ་གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཆེ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས། མ་དངུལ་གཏོང་རྒྱ་ཆེ་རུ་གཏོང་བ། རྣམ་གྲངས་ལ་དམ་འཛིན་བྱེད་པ། ཐོན་ལས་སྟོབས་ཆེར་གཏོང་བ། དམངས་འཚོར་ཕན་འདོགས་པ། སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བ། འཕེལ་རྒྱས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། དེང་རབས་ཅན་ལ་མགྱོགས་མྱུར་འགྱུར་བ་བཅས་བྱས་ཏེ། བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས། མངོན་མེད་སྟོབས་ཤུགས་ཆེ་ཤོས་ནི་སྐྱེ་ཁམས་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་བའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་འགྱུར་གྱི་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་བཏོད་དེ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ་བཅས་ཀྱི་ཆུ་ཚད་བཅས་མཐོ་རུ་ཤུགས་ཆེན་འགྲོ་བ་དང་། མཐའ་མཚམས་འཕེལ་རྒྱས་དང་། མཐའ་སྲུང་སྲ་བརྟན། མཐའ་མཚམས་བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས“འགན་གཙང་འགན་ལེན”གྱི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་ཏན་དང་ཆ་འཕྲིན་མཉམ་སྤྱོད་དང་། གནས་ཚུལ་གྲོས་མོལ། ལས་དོན་སྙན་ཞུ་སོགས་འབྲེལ་ཡོད་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལས་དོན་ཁག་ལ་ཕན་འབྲས་ཆེན་པོས་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རང་འགུལ་ངང་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་ཧུར་ཐག ལམ་སྲོལ་གསར་པ་འཚོལ་ཞིབ་དང་འཛུགས་པ་བཅས་བྱས་ནས། གནད་དོན་ཐག་གཅོད་བྱེད་རིང་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་བྱ་གཞག་ཁག་འཕེལ་རྒྱས་གཏོང་རིང་ལས་ཀའི་དཀའ་གནད་སེལ་དགོས། སྤྱི་འདོམས་མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་། ལྗོངས་ཡོངས་ཀྱི“བསམ་ཇུས་གཅིག”གི་འདུ་ཤེས་ཟབ་ཏུ་གཏོང་བ། རྩོད་སྒྲུབ་ཀྱི་བསམ་གཞིག་ལ་བརྟེན་ནས་སྤྱི་ཡོངས་ལ་དབྱེ་ཞིབ། བརྒྱུད་རིམ་ལྡན་པའི་བྱེད་ཐབས་ལ་བརྟེན་ནས་སྤྱི་ཡོངས་ལ་ཇུས་འགོད་བཅས་བྱས་ཏེ་འཛུགས་གཏོད་ལས་དོན་གྱི་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། དམིགས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་འཁུར་ཕོད་པ་དང་། དོན་འཁྱོལ་ལ་དམ་འཛིན། དམིགས་ཚད་ལས་འགན་ཏན་ཏིག་སྒྲུབ་པ། རང་ཉིད་ལ་གནོན་ཤུགས་སྤྲོད་པ་དང་དུས་ཐོག་ཏུ་ལས་འགན་སྒྲུབ་པ་བཅས་བྱས་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་བྱེད་དགོས། འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ནས“འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”ཁ་གསལ་གྱི་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། “སྣེ་གཉིས་དམ་འཛིན་དང་བར་རྒྱུད་སྣེ་ཁྲིད”བྱས་རྗེས་མངོན་གསལ་འཇོག་མཁན་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད། ལས་འགན་ཡག་པོ་མི་སྒྲུབ་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་ལས་དོན་ཏན་ཏིག་སྒྲུབ་པ་དང་མདུན་གྲལ་དུ་སྐྱོད་པའི་བྱ་སྤྱོད་ཀྱི་རང་རྟོགས་དང་ལས་ཀའི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ་འཛུགས་གཏོད་ལས་དོན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།