ཚེས་7ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་འབྲེལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་ཀྱང་གནང་བ་རེད།
ཡན་ཅིན་ཧའེ་ཡིས། རུལ་སུངས་ལ་ངོ་རྒོལ་བྱེད་པར་བཀག་སྡོམ་ཁུལ་མེད་པ་དང་། ཐར་པར་གཏན་ནས་མི་གཏོང་བ། ནམ་ཡང་ཚར་དུས་མེད་པས། རྒྱ་ཆེའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་ཀྲང་ཡུང་ཙེའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་མེ་ལོང་ལྟ་བུར་བཟུང་ནས་བསླབ་བྱ་དང་ལེན་དང་ཞིབ་བསྡུར་དང་བསམ་ཞིབ་བྱེད་པ། ཆབ་སྲིད་ཀྱི་མྱོང་བརྡར་དང་། བསམ་བློའི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་བྱ་རྒྱུ་དེ་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩི་བ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་དང་། བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ།
ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་བསམ་བློའི་རང་རྟོགས་ཆེ་རུ་གཏོང་བ། འཇིགས་བཀུར་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་ཡོད་པ། མཐའ་ཚད་སྲུང་བ། རང་གཅུན་ནན་པོ་དང་ཉེ་འགྲམ་གྱི་མི་ལ་དོ་དམ་ཡག་པོ་བཅས་བྱས་ཏེ། དྲང་གཞག་ངང་དབང་ཆ་སྤྱོད་པ་དང་། ཁྲིམས་ལྟར་དབང་ཆ་སྤྱོད་པ། སྤྱོད་གཙང་ངང་དབང་ཆ་སྤྱོད་པ། དམངས་དོན་དུ་དབང་ཆ་སྤྱོད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས། བོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཐའ་མཚམས་བརྟན་ལྷིང་སྲ་བརྟན་དང་འབྲེལ་བ་ཡོད། ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་ཡིན་པའི་དམངས་འཚོར་དམིགས་ཏེ། དར་ཆ་གསལ་སྟོན་དང་། བདེན་ཡོད་སྤོབས་ཆེ། ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བ་བཅས་ཀྱི་སྒོ་ནས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་། བྱ་བ་དངོས་སྒྲུབ་པའི་བརྒྱུད་རིམ་ནང་མི་སེམས་གཅིག་སྒྲིལ་དང་། མི་སེམས་བརྩོན་ལེན། སེམས་པ་གཅིག་མཐུན་ཡོང་བ་བཅས་བྱས་ཏེ། མང་ཚོགས་ལ་སྣེ་ཁྲིད་ཀྱིས་ཐུན་མོང་ཐོག་ཁ་ཕྲལ་ལ་ངོ་རྒོལ་དང་། ཐུན་མོང་ཐོག་བརྟན་ལྷིང་སྲུང་སྐྱོང་། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཁོང་གིས། བོད་དུ་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཆོས་ལུགས་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་པས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་སྲིད་ཇུས་མཐའ་འཁྱོངས་ཀྱིས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ། “འདུ་ཤེས་གསུམ”གྱི་སློབ་གསོ་ཡག་པོ་སྤེལ་བ་བཅས་བྱས་ཏེ། རྒྱ་ཆེའི་དགེ་འདུན་པ་ཚོར་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། གྲོགས་པོ་སྒྲིག་པ་དང་། བྱ་བ་དངོས་སྒྲུབ་པ། ཁྲིད་སྟོན་ལ་དམ་འཛིན་བཅས“ཕྱོགས་གསུམ་གཞི་གཅིག”གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ལས་རིགས་མི་སྣ་དང་སྤེལ་རེས་ཡག་པོ་བྱེད་པ། དུས་བཀག་ལྟར་གླེང་མོལ་དང་རྒྱུན་རྣམ་སྤེལ་རེས་ཀྱི་ལམ་ལུགས་འཛུགས་པ། བསམ་འདུན་ཉན་པ་དང་དཀའ་ངལ་ཤེས་རྟོགས་བྱེད་པ། ལྷག་བསམ་ཟོལ་མེད་ངང་ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་པ། ལྷག་བསམ་ཟོལ་མེད་བརྩེ་སེམས་འཆང་བ་བཅས་ཀྱི་རྨང་གཞིའི་ཐོག་ཁྲིད་སྟོན་ལ་མཁས་པ་དང་། ཁྲིད་སྟོན་ལ་འཇོན་པ། ཁྲིད་སྟོན་ལ་ཕན་འབྲས་ཐོན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།