དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-11

    ◆ ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་སོགས་ལ་ཞིབ་འཇུག་གནང་བ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དང་། དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པའི་གྲ་སྒྲིག་ལས་དོན་སོགས་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་འབྲེལ་ཡོད་ལས་དོན་གསན་པ་རེད། ཝང་ཅུན་ཀྲེང་གིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་ནི་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་གཙོ་གནད་ལས་འགན་དང་གཙོ་གཟུགས་འདུ་འགོད་ཅིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགན་ལེན་གལ་ཆེན་ཞིག་བཅས་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་གཏོང་རྒྱུའི་སྤྱི་ཡོངས་ཁྲོད་བཞག་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་ཁྲིམས་ལྟར་བོད་སྐྱོང་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་ནུས་ཚན་རིག་དང་མཐུན་པ་དང་།

    འགན་དབང་ཁྲིམས་བཀོད། ཁྲིམས་བསྟར་དམ་ནན། ཡོངས་བསྒྲགས་དྲང་གཞག རིག་ནུས་ནུས་ཆེ། སྤྱོད་གཙང་དང་ཁ་དན་ཚིག་གནས། མི་དམངས་བློ་ཡིད་ཚིམ་པའི་ཁྲིམས་སྐྱོང་སྲིད་གཞུང་བཅས་ཕྱོགས་ཡོངས་ནས་འཛུགས་སྐྱོང་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་གི་དགོངས་པ་དེ་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ཁྱབ་ཁོངས་སྤྱི་དང་ལྷུ་ཚིགས་ཁག་ཏུ་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་བྱས་ནས་ཁྲིམས་སྐྱོང་གི་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་དེ་བས་ལེགས་པར་འདོན་སྤེལ་བྱས་ནས་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། དོན་དག་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་འཕྲད་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཧུར་ཐག་གཏོད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་དམངས་ཆེད་ཁྲིམས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་དམངས་མང་ཚོགས་ཀྱི་བླང་བྱ་གསར་པ་དང་རེ་སྒུག་གསར་པར་ལན་ཧུར་ཐག་འདེབས་པ་བཅས་བྱས་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱི་གྱོད་གཞི་རེ་རེའི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་དུ་འཇུག་དགོས། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ཡག་ཤོས། སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་ཤོས་བཅས་ཡིན་པའི་ངོས་འཛིན་གང་ལེགས་བྱས་ཏེ་སྲིད་གཞུང་གི་འགན་ནུས་མྱུར་དུ་སྒྱུར་བ་དང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ། སྲིད་གཞུང་གི་ནུས་པ་དེ་བས་ལེགས་པར་འདོན་སྤེལ་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་སྐྱོང་བོད་ལྗོངས་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་སྤྱིའི་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་མཐུན་སྦྱོར་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་སྲིད་གྲོས་རྩ་འཛུགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་ཚང་མ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིའི”ཐད་གཅིག་ཏུ་བསྒྲིལ་ཏེ་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། ས་ཁུལ་དང་། གྲོང་ཁྱེར། རྫོང་དང་ཆུས་བཅས་ཀྱི་ཆབ་སྲིད་གྲོས་མོལ་ལས་ཀར་ཤུགས་སྣོན་རྒྱག་པ་དང་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་གཙོ་གནད་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དཀའ་གནད། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་བཅས་ལ་དམ་པོར་དམིགས་ནས་ཆེད་དོན་གྲོས་མོལ་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་སྲིད་གྲོས་ཀྱི་གྲོས་མོལ་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས། སྲིད་གྲོས་ཀྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་སྐབས་ལྔ་པའི་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་སྐོར་གྱི་སྙན་སེང་གསན་པ་རེད། ཝང་ཅུན་ཀྲེང་གིས་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ཡག་པོ་བསྒྲུབས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་པའི་ལེགས་གྲུབ་ལྡན་པའི་ལག་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་གང་ལེགས་མཚོན་པ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ཐོབ་པའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ་གང་ལེགས་མཚོན་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་པ། བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། ལོ་རྒྱུས་ཀྱི་མི་ཆོས་རིག་གནས། མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས། བསྟུན་མཁས་སྒོ་དབྱེ་བཅས་ཀྱི་ཉམས་འགྱུར་གང་ལེགས་མཚོན་པ་བཅས་བྱེད་དགོས། ཚུགས་གནས་མཐོ་ས་ནས་འཆར་གཞི་འདིང་བ་དང་ཚད་གཞི་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ་བོད་ལྗོངས་འགྲེམས་ཚོགས་དེ་ཁྱད་ལྡན་དང་། བཀྲག་མདངས་འཚེར་བ། ཤུགས་རྐྱེན་ཆེ་བ། ཕན་འབྲས་དངོས་ཐོན་པ་བཅས་ཡོང་བའི་འགན་ལེན་བྱས་ནས་འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དེ་བས་ལེགས་པར་ཡོང་བ་དང་བོད་འདི་ཉིད་འཛམ་གླིང་ལ་དེ་བས་མགྱོགས་པའི་སྒོ་ནས་ཁ་ཕྱོགས་པར་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།