དབུ་ཤོག>སྲིད་དོན།
  • བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོ་ལྷ་སར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-11

    ec8139d9-9297-402b-93fb-f2977799a2dc.jpg.jpg

    ཚེས་8ཉིན་གྱི་སྔ་དྲོ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྒོ་ཕྱེ་བའི་ཁྱབ་བསྒྲགས་གནང་བ་རེད། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་ཞིབ་ཚགས་གནང་བ་དང་འབྲེལ་ཡོད་འགྲེལ་བཤད་ནན་ཏན་ངང་གསན་བཞིན་པ།

    ཚེས་8ཉིན་གྱི་སྔ་དྲོ། བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྒོ་ཕྱེ་བའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་ཞུགས་པ། རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་གཞོན་པ་ཀུའུ་ཡུས་ཚའེ་ཡིས་ཤིས་ཚིག་བསྒྲོན་པ་རེད།

    སྒོ་ཕྱེ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཚོགས་ཞུགས་འགོ་ཁྲིད་ཚོས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་གཟིགས་སྐོར་གནང་བ་རེད། ཐོག་སོ་གཉིས་པའི་དུས་རབས་རིམ་བྱུང་གི་ལོ་རྒྱུས་འགྲེམས་ཁང་དུ་ཝང་ཅུན་ཀྲེང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་གཟབ་ནན་ངང་གཟིགས་པ་དང་འབྲེལ་ཡོད་འགྲེལ་བཤད་ནན་ཏན་ངང་གསན་ཞིང་། ཁོང་གིས་བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས་འགྲེམས་སྟོན་གྱིས་བོད་ཀྱི་ལོ་རྒྱུས་དང་རིག་གནས་གསོན་ཉམས་དོད་པོས་སྟོན་པ་དང་། སྣ་མང་གཞི་གཅིག་གི་ཀྲུང་ཧྭའི་ཤེས་དཔལ་གང་ལེགས་མངོན་པས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་ལ་ཤུགས་སྣོན་དང་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་མི་རིགས་ཁག་དབར་ཡུན་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་སྔོག་འདོན་གཏིང་ཟབ་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ཏེ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བར་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་དེ་པར་རིས་དང་། དངོས་རྫས། ཚད་ལྡན་ཡིག་ཆ་སོགས་ཀྱི་རྣམ་པར་བརྟེན་ནས་ལོ་ངོ་70ཡི་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་ཡོད། རྩ་ཆེའི་རིག་དངོས་དང་གསོན་ཉམས་དོད་པའི་པར་རིས་དང་དཔྱད་གཞིའི་ཡིག་རིགས་རེ་རེའི་མདུན་དུ་ཝང་ཅུན་ཀྲེང་གིས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་འགྲེམས་རྫས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་ཕྱིར་དྲན་གནང་ཞིང་། ཁོང་གིས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་དང་དུས་རབས་གསར་པར་བྱས་རྗེས་བཞག་སྟེ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པར་ལྕག་སྐུལ་བྱས་ཏེ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འབད་འཐབ་ལྷོད་མེད་ངང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྟེན་རྫས་བཤམས་མཛོད་ཁང་ནི་མིའི་རིགས་ཀྱི་ཤེས་དཔལ་སྲུང་སྐྱོང་དང་རྒྱུན་འཛིན་གཞལ་ཡས་ཁང་གལ་ཆེན་ཞིག་རེད་ལ། དེ་ནི་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཀྱང་རེད། རིག་དངོས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས“སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། ལུགས་མཐུན་ངང་བེད་སྤྱོད་གཏོང་བ། དོ་དམ་ལ་ཤུགས་སྣོན་རྒྱག་པ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རིག་དངོས་སྲུང་སྐྱོབ་བྱ་རྒྱུ་དེ་ཡང་སྲིད་དོན་ལས་རྗེས་ཡིན་པའི་ཚན་རིག་དང་མཐུན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། རིག་དངོས་སྲུང་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ཡག་པོ་བཅས་བྱས་ནས་རིག་དངོས་སྲུང་སྐྱོབ་ཀྱི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པ་བྱེད་དགོས། རིག་དངོས་སྲུང་སྐྱོབ་དང་། ཞིབ་འཇུག བེད་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ་རིག་དངོས་སྲུང་སྐྱོབ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་བཅས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རིག་དངོས་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། རིག་དངོས་ཁྲོད་འདུས་པའི་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ཟུང་འབྲེལ་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲིད་སྟོན་བྱས་ཏེ་རིག་དངོས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ནས་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་མངོན་པར་བྱེད་དགོས། རྟེན་རྫས་བཤམས་མཛོད་ཁང་གི་དམིགས་བསལ་ལེགས་ཆ་རྒྱུན་མཐུད་འདོན་སྤེལ་བྱས་ཏེ་རིག་དངོས་ཀྱི་རྒྱབ་ལྗོངས་གཏམ་རྒྱུད་ཡག་པོ་བརྗོད་ནས། དེ་ཉིད་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དང་། མི་རིགས་མཐུན་སྒྲིལ། བོད་གསར་རྙིང་བསྡུར་བ། བོད་དྲིལ་བསྒྲགས་བཅས་ཀྱི་ལས་སྟེགས་བཟང་པོ་ཞིག་ཏུ་འགྱུར་བ་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་གྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཀྱི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

    ཀུའུ་ཡུས་ཚའེ་ཡིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་དངོས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་ནན་ཏན་བྱས་ཏེ། “རིག་དངོས་སྲུང་སྐྱོབ་བྱེད་པ་དེ་ཡང་སྲིད་དོན་ལས་རྗེས་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་རིག་དངོས་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཞིབ་འཇུག་དང་འགྲེམས་སྟོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། མི་རིགས་ས་ཁུལ་གྱི་རྟེན་རྫས་བཤམས་མཛོད་ཁང་ཁྱད་ལྡན་ཅན་གྱི་འཕེལ་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བཅས་བྱས་ནས་རྒྱལ་ཡོངས་རྟེན་རྫས་བཤམས་མཛོད་ཁང་ལས་རིགས་ཀྱི་སྣེ་ཁྲིད་མཁན་ཧུར་ཐག་བྱེད་དགོས། འཕེལ་རྒྱས་ཀྱི་ངེས་གནས་ཁ་གསལ་བཟོས་ནས་ཀྲུང་ཧྭའི་རིག་གནས་ལ་འཛིན་པའི་མོས་སེམས་ཟབ་ཏུ་དང་མི་རིགས་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས། མ་ལག་གི་བཀོད་པ་འཐུས་སྒོ་ཚང་དུ་བཏང་ནས་གྲངས་འབོར་དང་སྤུས་ཚད་གཉིས་ཀ་མཐོ་རུ་ཧུར་ཐག་གཏོང་དགོས། རིག་གནས་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ལ་རྟེན་རྫས་བཤམས་མཛོད་ཁང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས། འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྟེན་རྫས་བཤམས་མཛོད་ཁང་གི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།