ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་གནད་ལ་ཞིབ་འཇུག་དང་། ཁྲིམས་ལྟར་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་པར་ཤུགས་སྣོན་རྒྱག་པ། ནད་ཚབས་ལྕི་བའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དངོས་དེ་བས་མང་བ་ཐོབ་པ་བྱེད་དགོས།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་7ཚེས་7ཉིན་གནས་ཚུལ་འབྱོར་གསལ། ཚེས་7ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནད་ཚབས་ལྕི་བའི་ནད་གཞིའི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་འཆར་འགོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྩྭ་ཐང་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱག་པ་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཁེ་ལས་འབྲིང་ཆུང་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་དང་། ནོར་སྲིད་ཁྲལ་བསྡུའི་ཡོང་ཁུངས་གལ་ཆེན། ལས་ཞུགས་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་བཅས་ཡིན་པས་ཁྲིམས་ལྟར་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཁེ་ལས་འབྲིང་ཆུང་དཀའ་གནད་ལས་སྒྲོལ་བ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་དགོས། དཀའ་ངལ་ཡོད་པའི་ཁེ་ལས་ལ་ཕན་པ་ཏན་ཏིག་ཐོབ་པར་བྱས་ནས་ཁྲལ་རིན་གཉིས་གཅོག་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་འབྲེལ་ཁེ་ལས་འབྲིང་ཆུང་ལ་ཕྱོགས་ནས་སྲིད་ཇུས་དོན་འཁྱོལ་གནས་ཚུལ་ལ་ཚོད་སྐོར་བྱེད་དགོས། ཁོར་ཡུག་ལེགས་སུ་བཏང་ནས་ཁྲིམས་འཛུགས་དབང་ཆ་ལས་ཆེ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། སྟབས་བདེ་ནུས་ཆེའི་ཚོང་གཉེར་ཁོར་ཡུག་ཁྲིམས་ལྟར་གཏོད་པ། ཁེ་ལས་འབྲིང་ཆུང་གི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་འགན་ལེན་ནུས་ལྡན་དང་། ཞབས་འདེགས་ལེགས་པོ་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ངོ་ཐུག་གདོང་འཕྲད་ཀྱིས་དྲིལ་བསྒྲགས་ལག་བསྟར་ནན་པོ་བྱས་ནས་གཞི་རིམ་ལ་ཁ་ཕྱོགས་པ་དང་། ཁེ་ལས་སུ་བསྐྱོད་དེ“ཁྲིམས་སྦྱོང”དང“ཁྲིམས་སྤྱོད”ཟུང་འབྲེལ་བྱས་ནས“བཅའ་ཁྲིམས་ཁྱབ་གདལ”དང“བྱ་བ་དངོས་སྒྲུབ་པར”དུས་གཅིག་ཏུ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ད་ཐེངས་ཀྱི་སྲིད་ཇུས་ལེགས་སྒྲིག་ནང་མ་མཐའི་འཚོ་བ་འགན་ལེན་དང་། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བ། མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མང་ཚོགས་ལ་མ་དངུལ་རོགས་སྐྱོར་བྱེད་ཤུགས་དེ་སྔའི་80%ནས་90%བར་མཐོ་རུ་གཏོང་རྒྱུ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ། དབུལ་པོ་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་བཅས་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་ཆེན་འགན་བཅོལ་བྱེད་པའི་དངུལ་50%གཅོག་རྒྱུ་དང་རྩིས་ཞུའི་བསྡུར་ཚད་5%མཐོ་རུ་གཏོང་རྒྱུ། སྨན་བཅོས་འགྲོ་གྲོན་གྱི་རོགས་སྐྱོབ་ཆུ་ཚད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཆ་སྙོམས་70%ཙམ་ནས་90%ཙམ་བར་མཐོ་རུ་གཏོང་རྒྱུ་སོགས་ཚུད་ཡོད། ཚོགས་འདུའི་ཐོག་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་རིམ་ཁག་སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་སྲིད་ཇུས་ཀྱི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་དང་མི་དམངས་མང་ཚོགས་ཚོས་སྲིད་ཇུས་ཀྱི་ཕན་པ་ལོངས་སུ་ཏན་ཏིག་སྤྱོད་ཐུབ་པར་བྱེད་དགོས་པ་དང་། དྲིལ་བསྒྲགས་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་། སུ་ལ་བརྟེན་ནས་ལས་དོན་སྤེལ་བ། བཀའ་དྲིན་སུ་ལ་འཇལ་དགོས་པ་བཅས་དེ་བས་མྱོང་ཚོར་ཟབ་མོ་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་སྲུང་སྐྱོང་ཨང་དང་པོར་འཇོག་པ་དང་ཁྱད་ཆོས་མངོན་པར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་མཐོངས་ཀྱི་ལངས་གཟུགས་རང་བཞིན་དང་། ཉམས་འགྱུར་གྱི་སྤྱི་ཡོངས་རང་བཞིན། རིག་གནས་ཀྱི་རྒྱུན་མཐུད་རང་བཞིན་བཅས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། བཀོད་སྒྲིག་ལུགས་མཐུན་དང་རིག་གནས་མཚོན་རྟགས་མངོན་གསལ་དོད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་ཆོས་མངོན་པར་བྱེད་དགོས་པ་མ་ཟད། སྲུང་སྐྱོང་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་པ་ལས“གྲོང་ཁྱེར་སྟོང་བཀོད་པ་གཅིག”དང“གྲོང་ཚོ་སྟོང་བཀོད་པ་གཅིག”མི་ཡོང་བར་བྱེད་དགོས། སྔོན་ལ་འཆར་འགོད་དང་འབྲེལ་མཐུད་གང་ལེགས་བྱས་ནས་འཛུགས་སྐྲུན་བསྐྱར་ཟློས་དང་ཐོན་ཁུངས་འཕྲོ་བརླག་མི་འགྲོ་བར་བྱེད་དགོས། སྤྱི་འདོམས་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ནས་འཆར་འགོད་ཇུས་འགོད་དང་། རྣམ་གྲངས་འཛུགས་སྐྲུན། མ་དངུལ་དོན་འཁྱོལ། ཕན་འབྲས་ཞིབ་དཔྱད་བཅས་ལ་དམ་འཛིན་ཞིབ་ཕྲ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ཐད“ཕྱི་མི་མིན་པའི”བསམ་བློ་བརྟན་པོ་བཙུགས་ནས་འགན་འཁྲིའི་འཁོར་འབྲེལ་དང་འགན་འཁྲིའི་གསལ་ཐོ་ཞིབ་ཚགས་བཟོས་ཏེ་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཤེས་བྱ་སློབ་གྲྭ་དང་། སྡེ་ཁུལ། གྲོང་ཚོ། ལས་ཁུངས། ཁེ་ལས། དམག་སྒར། དགོན་སྡེ་བཅས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་ཤེས་རྟོགས་ཐུབ་ཚད་དང་། ཁྱབ་ཚད། ཞུགས་ཚད་བཅས་མཐོ་རུ་གཏོང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།