དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཁྲེང་ཏུར་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-08

    ཟླ་7ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཁྲེང་ཏུར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་ཤིས་ཚིག་གསུངས་པ་རེད།

    སི་ཁྲོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དབྱང་ཤིང་ཕིང་གིས་ཤིས་ཚིག་གསུངས་པ་དང་ཁྲེང་ཏུའུ་གྲོང་ཁྱེར་དང་དེ་བཞིན་འབྲེལ་ཡོད་ཆུས་ཀྱི་འགོ་ཁྲིད་འོས་སྦྱོར་ངོ་སྤྲོད་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུའི་ཐོག་བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་དྲིལ་བསྒྲགས་པར་གཞི་བསྟན་ནས་བོད་ཀྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་གསལ་འགྲེལ་བྱས་པ་མ་ཟད། བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་དང་དེ་བཞིན་རྫོང་དང་ཆུས་ཁག་གཅིག་བཅས་ཀྱིས་རྣམ་གྲངས་འོས་སྦྱོར་ངོ་སྤྲོད་བྱས་པ་དང་འབྲེལ་གན་རྒྱ་ཡང་བཞག་པ་རེད།

    ཁྲེན་ཡུང་ཆིས། རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ལྕགས་ལམ་དང་། གཞུང་ལམ། གནམ་ཐང་བཅས་མགྱོགས་མྱུར་བསྐྲུན་ནས་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་གྲུབ་ཡོད། གློག་ཤུགས་ནུས་རྒྱུ་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་། གླིང་ཁུལ་གྱི་གཞི་རྟེན་ནུས་པ་བཀོད་སྒྲིག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པས་མ་འཇོག་ལས་དར་གྱི་འདེགས་སྐྱོར་གལ་ཆེན་ཞིག་ཡིན། ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་། གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པ། ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ། རིག་གནས་ཡུལ་སྐོར་ཐོན་ཁུངས་ཁྱད་དུ་འཕགས་པ། ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་གྱི་མངོན་མེད་རིན་ཐང་ཧ་ཅང་ཆེ་བ་བཅས་ཡོད་པས་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་བསྡུར་གཞི་ཡོད་པའི་ལེགས་ཆ་མང་པོ་ལྡན་ཡོད། དམིགས་བསལ་སྲིད་ཇུས་མང་པོ་ཡོད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བོད་ཀྱི་དངུལ་རྩའི་ཁྲལ་བསྡུ་སོགས་ཀྱི་ཐད་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་པ་དང་། རང་སྐྱོང་ལྗོངས་ཀྱིས“ཆེས་བཞིའི”ཚོང་གཉེར་ཁོར་ཡུག་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད་པས་ཁྲོམ་རའི་བྱེད་པོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་དང་ཞབས་ཞུ་ཡག་ཤོས་མཁོ་འདོན་ཐུབ་ངེས་རེད་ཅེས་ནན་བཤད་གནང་བ་རེད།

    ཁྲེན་ཡུང་ཆིས། ད་ཐེངས་ཀྱི་ཚོང་འགུགས་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ནི་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ་དང་། མཛའ་གྲོགས་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགོ་འཛུགས་ས་ཡག་པོ་ཞིག་རེད། ཁེ་ལས་མཁས་ཅན་ཁག་གིས་བོད་དུ་ཡུལ་སྐོར་ལྟ་སྐོར་དང་། ལྟ་སྐོར་རྟོག་ཞིབ། མ་འཇོག་ལས་གཏོད་བཅས་བྱས་ནས་མཉམ་དུ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དབྱང་ཤིང་ཕིང་གི་ཤིས་ཚིག་ནང་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ་ལས་སྟེགས་སྔར་བས་ལེགས་སུ་དང་ཐབས་ལམ་རྒྱ་ཆེར་བཏང་ནས་དུས་རབས་གསར་པའི་ཁྲོན་བོད་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུའི་ཐོག་ཁྱོན་རྣམ་གྲངས་23ལ་མིང་བཏགས་བཀོད་པ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་83.8ཟིན་པ་དེ་གཙོ་བོ་རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།